དབུ་ཤོག>གསར་འགྱུར།
  • ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཅང་ཡུན་ཧྭ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-03

    ལོ་51ལ་སླེབས་པའི་ཅང་ཡུན་ཧྭ་ནི་རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་གསར་སྤེལ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་ཡིན་ལ། ཀྲུང་དབྱང་ལས་ཁུངས་ཀྱིས་མངགས་པའི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པའང་ཡིན་པ་རེད། ལས་རོགས་ཚོའི་མིག་ནང་ཅང་ཡུན་ཧྭ་ནི་ལས་ཀའི་དོན་དུ་ཡོད་ཚད་བློས་གཏོང་བའི་མི་ཞིག་ཡིན་པ་རེད།

    ཁོང་གིས་བོད་སྐྱོར་ལོ་གསུམ་ནང་ཁེངས་སྐྱུང་དང་ཡིད་གཟབ་ཀྱི་རང་གཤིས་དང་། འདྲིས་གཤིབ་བདེ་བའི་སྤྱོད་ཚུལ། སྒེར་སེམས་མེད་པ་དང་སྤྱོད་གཙང་གི་གུང་ཁྲན་ཏང་ཡོན་གྱི་གཤིས་རྒྱུད་ཐོག་ནས། བོད་ཀྱི་ས་གཤིས་རྩད་ཞིབ་དཔུང་ཁག་ནང་ཞུགས་ཤིང་། རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཏང་ཨུད་ཀྱི་འགོ་ཁྲིད་འོག་བོད་ལྗོངས་ས་གཤིས་རྩད་ཞིབ་མི་སྣ་དང་མཉམ་དུ། བོད་ཀྱི་ས་གཤིས་རྩད་ཞིབ་བྱ་གཞག་དེ་གཏེར་ཁ་གཙོ་བོར་རྩད་ཞིབ་བྱེད་པ་ནས་ས་གཤིས་ཆེན་པོར་ཕྱོགས་སྒྱུར་བྱས་པ་དང་། རྒྱལ་ཡོངས་ཀྱི་གཏེར་ལས་དཔལ་འབྱོར་འཕར་འགོར་བའི་རྒྱབ་ལྗོངས་ཆེན་པོའི་འོག རང་ལྗོངས་ཀྱི་གཏེར་ལས་དཔལ་འབྱོར་ལོ་གསུམ་བསྟུད་མར་བརྟན་པོའི་ངང་འཕར་ནས། བོད་ཀྱི་ས་གཤིས་རྩད་ཞིབ་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་ཆེད་གསོན་ཤུགས་བསྣན་པ་རེད།

    ཅང་ཡུན་ཧྭ་བོད་དུ་ཡོང་བའི་ལོ་སྟེ་2013ལོར་འཐབ་ཇུས་རང་བཞིན་གྱི་གཏེར་ཐོན་གྱི་འབྱུང་འགྱུར་ལ་བརྟག་དཔྱད་བྱེད་པའི་ལས་དོན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས། རང་སྐྱོང་ལྗོངས་ས་གཤིས་ཅུས་ལ་རྣམ་གྲངས་ཧ་ཅང་མང་པོ་ཡོད་ལ། ཁོང་དང་རང་སྐྱོང་ལྗོངས་ས་གཤིས་ཅུས་ཀྱི་འགོ་ཁྲིད་ཚན་ཁག་ཚང་མས་ས་གཤིས་ལས་དོན་ངེས་པར་དུ་གཏེར་ཐོན་རྐྱང་པར་རྩད་ཞིབ་བྱེད་པ་ནས་ས་གཤིས་ཆེན་པོར་ཕྱོགས་སྒྱུར་དང་། བཟོ་ལས་སྔོན་སྐྱོད་རུ་ཁག་ནས་དམངས་འཚོའི་ཁྱབ་ཁོངས་བར་སྣུར་སྲིང་བྱེད་དགོས་པ་ཤེས་རྟོགས་བྱུང་ཞིང་། ལས་སྒོའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་ལས་བོད་ཀྱི་ས་གཤིས་རྩད་ཞིབ་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་རང་འགུལ་ངང་ཞབས་འདེགས་ཧུར་ཐག་ཞུས་ཡོད་པ་རེད།

    ཕྱོགས་སྒྱུར་བྱེད་པར་ས་གཤིས་དཔུང་ཁག་གི་ཤེས་ལྡན་མི་སྣའི་ཤེས་བྱའི་གྲུབ་ཆ་སྔོན་ལ་ལེགས་བཅོས་བྱེད་དགོས་ཤིང་། མངགས་གཏོང་ཚན་པའི་རྒྱབ་སྐྱོར་འོག་ཅང་ཡུན་ཧྭ་ཡིས་རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་སྔ་རྗེས་སུ་ས་ཁོངས་ཀྱི་ས་གཤིས་བརྟག་ཞིབ་དང་། གཏེར་ཐོན་ཐོན་ཁུངས་འཚོལ་ཞིབ། རྫས་དཔྱད། གྲངས་གཞིར་བརྟེན་པའི་ས་གཤིས་རྟོག་ཞིབ། ཆུ་དཔྱད་ས་གཤིས་རྟོག་ཞིབ་སོགས་ལག་རྩལ་གསོ་སྦྱོང་བྱས་ནས། ལག་རྩལ་པ་མི་ཐེངས་550ཙམ་གསོ་སྦྱོང་བྱས་ཏེ་བོད་ལྗོངས་ས་གཤིས་ལག་རྩལ་པའི་ལས་སྒོའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་བ་རེད།

    དཔུང་ཁག་སྟོབས་ཆེ་དང་ཆེད་ལས་ཀྱི་ཐོབ་ཐང་ཆེ་རུ་གཏོང་བའི་དུས་མཚུངས་སུ་ཅང་ཡུན་ཧྭ་ཡིས་བོད་ཀྱི་ས་གཤིས་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུར་སེམས་ནུས་ཆེན་པོ་བཏོན་ཞིང་། ཁོང་གིས་མཐུན་སྦྱོར་ཧུར་ཐག་བྱས་པའི་འོག་ལོ་གསུམ་རིང་རང་སྐྱོང་ལྗོངས་ས་གཤིས་ཅུས་ལ་ཀྲུང་དབྱང་ནོར་སྲིད་ནས་མ་འཇོག་རྣམ་གྲངས་ཁག་117རག་པ་དང་། རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་5.29དོན་འཁྱོལ་བྱས་པས། བོད་ཀྱི་ས་གཤིས་རྣམ་གྲངས་ཀྱི་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་རེད།

    ལག་རྩལ་ལས་བྱེད་པ་ཡིན་པའི་ངོས་ནས་ཅང་ཡུན་ཧྭ་ནི་ལས་སྒོའི་འཇོན་ཐང་ཆེ་བ་དང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ཅང་ཡུན་ཧྭ་ནི་ཏང་གཤིས་དང་སྤྱོད་པ་ལྷག་པར་གཙང་བ་ཞིག་རེད།

    ཟླ་བདུན་པའི་ཟླ་འགོར་ཁོང་གི་བཟའ་ཟླ་དང་བུ་མོ་ཐག་རིང་པེ་ཅིང་ནས་ཁོང་ཐུག་པར་ཡོང་བ་དང་། ས་མཐོ་མི་འཕྲོད་པའི་དབང་གིས་ཁོང་ཚོ་གཟའ་འཁོར་གཅིག་ལས་མ་བསྡད་པར་པེ་ཅིང་དུ་ལོག་པ་རེད། ཟླ་བདུན་པར་བོད་དུ་ཡུལ་སྐོར་བྱེད་མང་བས་བོད་དུ་ཕར་འགྲོ་ཚུར་འོང་བྱེད་པའི་གནམ་གྲུའི་སྤ་སེ་ཧ་ཅང་གིས་ཉོ་དཀའ་བའི་དབང་གིས། ཁོང་གིས་བཟའ་ཟླ་དང་བུ་མོར་མེ་འཁོར་སྤ་སེ་ཉོས་པ་རེད། ཕྱི་ཚུལ་ནས་ལྟ་སྐབས་ནང་མིར་བསམ་བློ་མི་གཏོང་རུང་དོན་དངོས་ཐོག་ཁོང་གི་སེམས་ནང་གནོང་འགྱོད་ཆེན་པོ་ཡོད་པ་རེད།

    ལོ་གསུམ་རིང་ཅང་ཡུན་ཧྭ་བོད་ཀྱི་རི་ཀླུང་གང་སར་བསྐྱོད་མྱོང་ལ། བོད་ལ་རྒྱུས་མངའ་དེ་བས་ཆེན་པོ་བྱུང་བ་དང་བསྟུན་ནས་བོད་ཀྱི་ས་གཞི་ཆེན་པོ་འདིར་བཅངས་པའི་དུང་སེམས་ཀྱང་སྔར་བས་ཟབ་ཏུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།