དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་འཐུས་མིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་ཁྱབ་ཁོངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-08-03

     མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལིའུ་ཅེ་དབྱིས་གོང་ཚེས་ཉིན་བདེ་འཇགས་ཀྱི་དུས་བབ་ལེགས་སུ་གཏོང་རྒྱུ་དེ་ནི་ཨ་ཧྥུ་ཀ་ནི་སི་ཐན་བརྟན་ལྷིང་ཡོང་བའི་རྨང་གཞི་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས།

    ལིའུ་ཅེ་དབྱི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱིས་ཉིན་ཤས་གོང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་ནང་ཐོན་པའི་འཇིགས་སྐུལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་ཡོད་ལ། རྐྱེན་ལམ་དུ་ཤོར་མཁན་ལའང་མྱ་ངན་ཞུས་པ་དང་འབྲེལ་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་གྱི་སེམས་གསོ་འཚམས་འདྲི་ཡང་ཞུས་ཡོད་ཅེས་གསུངས།

    ཁོང་གིས་ད་ཕན་ལོ་ཤས་རིང་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དུས་བབ་ཇེ་སྡུག་ཏུ་ཕྱིན་པ་དང་རྒྱལ་ནང་གི་དྲག་པོའི་གདོང་ཐུག་མང་དུ་ཕྱིན་ཏེ་མི་སེར་ཤི་རྨས་ཚབས་ཆེན་བྱུང་ཡོད། “དབྱི་སི་ལམ་རྒྱལ་ཁབ”དང“རྟེན་གཞིའི”རྩ་འཛུགས་སོགས་འཇིགས་སྐུལ་ཕྱོགས་གཏོགས་ཀྱིས་གོ་སྐབས་དང་བསྟུན་ནས་སྟོབས་ཤུགས་ཆེ་རུ་བཏང་བར་བརྟེན། ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་བརྟན་ལྷིང་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེའི་རང་བརྟེན་འགོག་སྲུང་དང་འཇིགས་རྒོལ་ནུས་པ་ཆེ་རུ་བཏང་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དུས་བབ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས། རེ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དུས་བབ་ལ་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་ཁུལ་དང་རྒྱལ་ཁབ་ཁག་གིས་ཨ་ཧྥུ་ཀ་ནི་སི་ཐན་དང་མཉམ་དུ་འཇིགས་རྒོལ་དང་། དུག་འགོག རྒྱལ་མཚམས་ལས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དུས་བབ་ལེགས་སུ་འགྲོ་རྒྱུར་ཆ་རྐྱེན་བསྐྲུན་དགོས་ཞེས་གསུངས།

    ལིའུ་ཅེ་དབྱིས་མི་རིགས་དབར་གྱི་བར་འདུམ་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཡིན་པ་དང་། བཅོས་སྐྱོང་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་པའི་འགན་ལེན་གལ་ཆེན་ཡིན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྲ་རྒྱས་དང་བརྟན་ལྷིང་ཡོང་བའི་ལྡོག་མེད་ཀྱི་ཆ་རྐྱེན་ཡིན་ཞེས་གསུངས་ཤིང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་དཔལ་འབྱོར་ཆག་རྒྱུར་ཁྱད་བསད་བྱེད་པ་སོགས་ཀྱི་ཐད་བྱས་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    ཁོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2274ནང“རྒྱུད་གཅིག་ལམ་གཅིག”སོགས་དཔལ་འབྱོར་མཉམ་ལས་ཀྱི་གྲོས་འགོའི་ནང་ཕྱོགས་ཁག་ཧུར་ཐག་ཞུགས་རྒྱུའི་རེ་འབོད་བྱས་ཡོད། ཕྱོགས་ཁག་གིས་གྲོས་ཆོད་ཀྱི་བླང་བྱ་གཞིར་བཟུང་ས་ཁོངས་ཀྱི་ཕན་ཚུན་འབྲེལ་མཐུད་དང་དཔལ་འབྱོར་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས།

    ཁོང་གིས་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་ནི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་སྔ་ཙམ་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཉེ་དུས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་ཨ་ཕུའུ་ཏུའུ་ལ་ཀྲུང་གོར་འཚམས་འདྲི་གནང་བ་དང་འབྲེལ་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་གཉིས་པོས་མཉམ་དུ་དཔལ་འབྱོར་དང་ལག་རྩལ་་ཕན་ཚུན་མཐུད་སྦྲེལ་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་གལ་ཆེན་གྱི་ཡིག་ཆར་མིང་རྟགས་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཨ་ཧྥུ་ཀ་ནི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མུ་མཐུད་རོགས་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེའི་བར་འདུམ་བརྒྱུད་རིམ་ལ་རྒྱབ་སྐྱོར་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་དང་། ཕ་ཁེ་སི་ཐན། ཀྲུང་གོ ཨ་རི་བཅས་ཕྱོགས་བཞིའི་མཐུན་སྦྱོར་ཚོགས་ཆུང་སོགས་ཀྱི་ལམ་སྲོལ་ནང་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་བཏོན་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བར་འདུམ་ལ་སྐུལ་འདེད་གཏོང་ཆེད་རོགས་རམ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཨ་ཧྥུ་ཀ་ནི་སི་ཐན་ས་ཁོངས་མཉམ་ལས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གྲོས་འགོ་དེ་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་ཀྱི་ཕྱོགས་སྒྱུར་དང་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་སྔ་ཙམ་ཡུན་རིང་ཞི་བདེ་དང་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།

    བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འདི་ལོའི་ཟླ་3ཚེས་15ཉིན་གྲོས་ཆོད་ཨང་2274ལ་གྲོས་འཆམ་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥུ་ཀ་ནི་སི་ཐན་རོགས་སྐྱོར་ཚོགས་པའི་གོ་གནས་འཁུར་ཡུན་ལོ་གཅིག་རིང་དུ་བཏང་ཞིང་། གྲོས་ཆོད་ནང་དེ་དང་ཆབས་ཅིག་ས་ཁོངས་མཉམ་ལས་འཕེལ་རིམ་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་བྱས་པའི་ནང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་སོགས་དོན་འཁྱོལ་བྱས་ཏེ་ས་ཁོངས་ཚོང་དོན་ལ་སྐུལ་འདེད་གཏོང་རྒྱུ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།