བོད་རང་སྐྱོང་ལྗོངས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2016ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་མགྱོགས་མྱུར་འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་སྒོར་དུང་ཕྱུར་27.74ཟིན་ནས་12%འཕར་བ་དང་། བཟོ་ལས་ཕྱིར་ཚོང་རིན་ཐང་སྒོར་དུང་ཕྱུར་62.8དང་ཐོན་རྫས་ཕྱིར་ཚོང་སྣ་ཁ་100.1%ཟིན་ནས་ཐོན་ལས་གཉིས་པས་རྒྱལ་དམངས་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ལོ་སྟོད་དུ། རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་སྒོར་དུང་ཕྱུར་27.74ཟིན་ནས་12%འཕར་བ་དང་། བོད་མཚོ་བཟོ་ལས་གླིང་དུ་ཁེ་ལས་184ཡིས་མིང་ཐོ་བཀོད་པ། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར་12བཏང་ནས་188%འཕར་བར་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་30.93ཟིན་པ། ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཁག་གི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་36.83ཟིན་ནས་ཁེ་གཙང་སྒོར་དུང་ཕྱུར་5.98རག་ཡོད་པ་རེད། ཐོ་འགོད་བྱེད་རིགས་ཐད་ནས་བལྟས་ན། གཞུང་ཁོངས་ཁེ་ལས་དང་། མཉམ་སྡེབ་ཁེ་ལས། མ་རྐང་ལམ་ལུགས་ཀྱི་ཁེ་ལས་བཅས་མགྱོགས་མྱུར་འཕར་བ་ནི་བཟོ་ལས་དཔལ་འབྱོར་མགྱོགས་མྱུར་འཕར་བའི་སྟོབས་ཤུགས་གཙོ་བོ་ཡིན་པ་རེད། ལས་རིགས་ཁག་ནས་བལྟས་ན། མདོག་ཅན་ལྕགས་གཏེར་འདོན་གཏེར་འདེམས་ལས་རིགས་དང་། ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས། བཏུང་བྱ་བཟོ་སྐྲུན་ལས་རིགས། སྨན་རྫས་བཟོ་སྐྲུན་ལས་རིགས། གློག་ཤུགས་ཚ་ཤུགས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས། རང་བྱུང་འཐུང་ཆུ་ཐོན་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་སུ་གྱུར་ཡོད་པ་རེད།