དབུ་ཤོག>གསར་འགྱུར།
  • པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-02

    བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཅིན་ལུང་གི་མངགས་བཅོལ་ལྟར་ཟླ་7ཚེས་25ནས་30ཉིན་བར་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཝང་ཨན་ཧྲུན་གྱིས་པེ་ཅིང་གྲོང་ཁྱེར་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་རྟོག་ཞིབ་གནང་བར་ཕེབས་ཏེ་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་དང་ས་ཆ་གཉིས་དབར་གྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་བཅས་པས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པའམ་ཡང་ན་འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་གནང་བ་རེད།

    པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་རྟོག་ཞིབ་གནང་རིང་། ཁྲེན་ཆོན་གོས་ཝང་ཨན་ཧྲུན་བཅས་པ་དང་མཇལ་འཛོམས་གནང་ནས་རང་སྐྱོང་ལྗོངས་དང་པེ་ཅིང་གྲོང་ཁྱེར་དབར་ལས་དོན་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་པེ་ཅིང་གྲོང་ཁྱེར་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་། པེ་ཅིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་སྟེ་པེ་ཅིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་གནང་བ་རེད།

    ཁྲེན་ཆོན་གོས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་དགོངས་དོན་དང་“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང་“ཕྱོགས་ཡོངས་བཞིའི”འཐས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་པོ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཡོད་ཅེས་གསུངས་པ་རེད།

    ཁྲེན་ཆོན་གོས་དུས་ཡུན་རིང་པོའི་ནང་པེ་ཅེང་གྲོང་ཁྱེར་གྱིས་བོད་སྐྱོར་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ནས་བརྩེ་སེམས་དང་འགན་འཁྲིའི་བསམ་པ་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་རྒྱབ་སྐྱོར་བྱས་པས་ཕྱོགས་མང་པོ་དང་། རིམ་པ་མང་པོ། ཁྱབ་ཁོངས་ཆེ་བའི་བོད་སྐྱོར་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད། བོད་དང་ལྷག་པར་དུ་ལྷ་ས་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། མི་རིགས་མཐུན་སྒྲིལ་སྲ་བརྟན་བཅས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་དང་ཚད་མཐོའི་བསྔགས་བརྗོད་མཐའ་གཅིག་ཏུ་ཐོབ་ཡོད་ཅེས་གསུངས་པ་རེད།

    ཝང་ཨན་ཧྲུན་གྱིས་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་པེ་ཅིང་གྲོང་ཁྱེར་གྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གིས་ང་ཚོས་བོད་འདི་ཉིད་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་མཐོང་བྱུང་ལ། གངས་ལྗོངས་ས་མཐོའི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་བྱུང་བས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་གྲུབ་འབྲས་ཐོབ་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་སྙིང་དབུས་ནས་ཡིད་སྨོན་སྐྱེས་བྱུང་ཞེས་གསུངས་པ་རེད།

    ཝང་ཨན་ཧྲུན་གྱིས་ཁ་གཏད་བོད་སྐྱོར་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག་དུས་བབ་གསར་པའི་འོག་གི་བོད་སྐྱོར་ལས་དོན་ལེགས་པར་གྲུབ་རྒྱུའི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས། སྣེ་ཁྲིད་ཀྱི་འདུ་ཤེས་བཅས་སྔར་བས་ཤུགས་ཆེར་བཏང་སྟེ་སྤྲོ་སེམས་ཆེན་པོས་བོད་སྐྱོར་བྱ་གཞག་ནང་ཞུགས་ཏེ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྒྱལ་སས་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་རྒྱུ་ཡིན་ལུགས་བསྟན་གནང་བ་སྟེ། གཅིག་ནས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྲག་ཐོག་ཏུ་ཁུར་བ་དང་དམ་འཛིན་ནན་པོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་དཔལ་འབྱོར་བོད་སྐྱོར་དང་། སློབ་གསོ་བོད་སྐྱོར། ལས་ཞུགས་བོད་སྐྱོར། ཚན་རྩལ་བོད་སྐྱོར། ལས་བྱེད་ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ལག་བསྟར་ཤུགས་ཆེན་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སེམས་དེ་བས་ཆེ་བ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་སྣེ་ཁྲིད་ཀྱི་ཚད་གཞི་མཐའ་འཁྱོངས་བྱས་ཏེ་རྒྱལ་སའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཡུལ་གཞན་ལ་གནས་སྤོ་བྱ་རྒྱུར་རྒྱབ་སྐྱོར། སློབ་གསོ་དབུལ་སྒྲོལ་བྱ་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་རོགས་སྐྱོབ་ལ་ཤུགས་སྣོན་རྒྱག་པ། གཅེས་སེམས་རོགས་སྐྱོར་བྱེད་པ་སོགས་ཐད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་འགོ་ཁྲིད་ལས་བྱེད་པས་ལས་དོན་དངོས་སྒྲུབ་པ་དང་། ལས་འགན་དང་འགན་འཁྲི་དངོས་སྒྲུབ་པ། མ་དངུལ་འགན་ལེན་དངོས་བྱེད་པ། ལྟ་སྐུལ་ཞིབ་བཤེར་རྩིས་ལེན་དངོས་བྱེད་པ་བཅས་ཐུབ་པ་བྱེད་པ། གསུམ་ནས་སྤེལ་རེས་དང་མཉམ་འདྲེས་བྱ་ཤུགས་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་ཐོག་དམངས་འདོད་དང་། དམངས་འཚོར་ཕན་པ། དམངས་སེམས་ཐོབ་པ་བཅས་ཀྱི་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་ནས་མི་རིགས་ཁག་གི་མང་ཚོགས་ལ་དགའ་སྤྲོའི་ངང་ཕན་པ་ཐོབ་པ་བྱེད་པ། བཞི་ནས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ཏེ་ཕྱོགས་ཁག་གི་ཧུར་སེམས་སྐོང་འཐེན་དང་། ཤེས་ལྡན་མི་སྣ་འགན་ལེན་བྱ་ཤུགས་ཆེར་གཏོང་བ། ཡར་སྐུལ་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁ་གཏད་བོད་སྐྱོར་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ་བཅས་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་པེ་ཅིང་དང་བོད་ལྗོངས་དབར་འགྲོ་འོང་དང་སྤེལ་རེས་ཀྱི་སྲོལ་རྒྱུན་ཟབ་མོ་ལྡན་ལ་ལོ་རྒྱུས་ཀྱང་ཡུན་རིང་ལྡན་ཡོད། ཁ་གཏད་བོད་སྐྱོར་བྱས་ནས་ལོ་22རིང་པེ་ཅིང་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་བོད་སྐྱོར་བྱེད་ཐབས་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་། བོད་སྐྱོར་གྱི་ནང་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། བོད་སྐྱོར་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་བཅས་བྱས་ཏེ་བོད་སྐྱོར་ལས་དོན་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐྱོད་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་པ་དང་། ཁ་གཏད་བོད་སྐྱོར་བྱས་ནས་ལོ་20སོང་བའི་བཞུགས་མོལ་ཚོགས་འདུ་གྲོལ་རྗེས་པེ་ཅིང་གིས་ཆབ་མདོ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་འགན་ཁུར་བས་རྒྱལ་སའི་མི་དམངས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་དབར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་ཐབས་ལམ་གསར་པ་གཏོད་འགོ་བཙུགས་ཡོད། མིག་སྔར། པེ་ཅིང་དང་བོད་ལྗོངས་དབར་འགྲོ་འོང་དང་སྤེལ་རེས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས་པེ་ཅིང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྔར་བས་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་པེ་ཅིང་གྲོང་ཁྱེར་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཡོད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་ཡོད་པ་ལས་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་གྱུར་ངེས་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    ཚེས་26ཉིན། པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་ལྷ་ས་གྲོང་ཁྱེར་དུ་རོགས་སྐྲུན་བྱས་པའི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་། པེ་ཅིང་དང་བོད་དབར་སྤེལ་རེས་བྱེད་པའི་ལྟེ་གནས། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས། གཡག་རྟེན་མཛོད་ཁང་། བདེ་སྐྱིད་ནོར་བུ་བྱིས་སྤྲོ་ཁང་སོགས་སུ་རྟོག་ཞིབ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བྱ་ཚུལ་ལ་ཤེས་རྟོགས་བྱས་པ་རེད། ཚེས་27ཉིན། འཐུས་མི་ཚོགས་པས་པེ་ཅིང་གིས་རོགས་སྐྲུན་བྱས་པའི་སྙེ་མོ་རྫོང་གི་བོད་བྱ་གསོ་ཚགས་རྟེན་གཞིའི་རྣམ་གྲངས་དང་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་དེང་རབས་སྒྲིག་བཀོད་ཞིང་ལས་དཔེ་སྟོན་ཁུལ་ལ་རྟོག་ཞིབ་བྱས་ནས་རྣམ་གྲངས་ཀྱིས་ཞིང་འབྲོག་པར་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་ཐད་ཁྲིད་སྟོན་བྱས་ཚུལ་ཤེས་རྟོགས་བྱས་པ་རེད། འཐུས་མི་ཚོགས་པས་ད་དུང་པེ་ཅིང་གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་དོན་སྤེལ་ཚུལ་དང་སྙེ་མོའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཚུལ་སོགས་ཤེས་རྟོགས་བྱས་པ་རེད།

    ཚེས་28ཉིན། འཐུས་མི་ཚོགས་པ་ཚོགས་ཆུང་གཉིས་ལ་བགོས་ནས་ལྷ་ས་གྲོང་ཁྱེར་འདམ་གཞུང་དང་ཆབ་མདོ་གཉིས་སུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སྐྱོད་པ་རེད།

    བོད་དུ་རྟོག་ཞིབ་བྱེད་རིང་། ཝང་ཨན་ཧྲུན་དང་བཅས་པས་ད་དུང་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་བཞུགས་མོལ་བྱས་ཏེ་ཚང་མས་འགན་འཁྲི་ལྕི་པོ་ཆུད་ཟོས་སུ་མི་གཏོང་བ་དང་རང་འཁྲིའི་ལས་འགན་ལ་ངོ་གནོང་མི་དགོས་པ་ཞིག་བྱས་ཏེ་ལས་ཀའི་སྤྲོ་སེམས་དང་འགན་འཁྲི་དེ་བས་ཆེ་བའི་ཐོག་ནས་ནུས་ཤུགས་ཡོད་རྒུས་བོད་སྐྱོར་ལས་དོན་ཁྲོད་ཞུགས་དགོས་པའི་སྐུལ་མ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།