ཚེས་28ཉིན་རང་སྐྱོང་ལྗོངས་ཀྱིས་བོད་སྐྱོར་ལས་བྱེད་པར་ཕེབས་རྫོངས་དང་བསུ་བ་ཞུ་བའི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། བོད་སྐྱོར་ཁག་བརྒྱད་པའི་ལས་བྱེད་པ་སྔོན་གྱི་ལས་དོན་པའི་རྗེས་འབྲངས་ནས་གངས་ལྗོངས་ས་མཐོར་སླེབས། བགྲང་བྱ་20ལྷག་ཙམ་རིང་། བོད་སྐྱོར་ལས་བྱེད་པ་སྟོང་ཕྲག་ལྷག་གིས་རང་དོན་རིས་སུ་བོར་ནས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བརྩེ་སེམས་བཅངས་ལུགས་མཚོན་པར་བྱས་ཏེ། གངས་ལྗོངས་ས་མཐོར་མཛེས་སྡུག་ཁྱིམ་གཞིས་བསྐྲུན་ནས་ཀུན་ལ་སེམས་འགུལ་ཐེབས་པའི་ལེའུ་གསར་པ་བརྩམས་པ་རེད།
དཀའ་ངལ་ཅི་འདྲའི་ཆེ་ཡང་། ལས་ཀ་ལྷག་མ་གཏན་ནས་མི་བསྐྱུར་བ།
“དཀའ་ངལ་ཅི་འདྲའི་ཆེ་ཡང་། ལས་ཀ་ལྷག་མ་གཏན་ནས་མི་བསྐྱུར་བ”ནི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་འགྱུར་མེད་དམ་བཅའ་ཡིན་པ་སྟེ། པེ་ཅིང་ནས་སླེབས་པའི་བོད་སྐྱོར་ལས་བྱེད་པ་མཱ་ཤིན་མིང་དང་བཟའ་ཟླ་སུན་ལིན་ལིན་མཉམ་དུ་བོད་ལ་ཡོང་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མཐའ་མཚམས་ལ་ལེགས་སྐྱེས་ཕུལ་བ་དང། སྤྱི་བདེ་པུའི་བོད་སྐྱོར་ལས་བྱེད་པ་ལིའུ་ཀྲེན་ཝུའེ་ཡིས་ཐེངས་དུ་མར་བོད་སྐྱོར་ལས་ལ་གཞོལ་ནས་བརྟན་ལྷིང་གི་འཐབ་ས་མཐུན་མར་བསྐྱོད་དེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་སྐབས། ཁོང་གི་ནང་མིའི་སྙིང་ནད་གློ་བུར་སྡུག་ཏུ་ཕྱིན་ནས་སྨན་ཁང་དུ་བསྡད་པར་ལྟ་བར་ཡང་འགྲོ་ཐུབ་མེད་པ་རེད།
ལོ་གསུམ་རིང་། བོད་སྐྱོར་ཁག་བདུན་པའི་ལས་བྱེད་པ་1513(ལས་ཀའི་བར་ནས་བརྗེས་པ་ཚུད་པ)ཁྲོད་ནས་གློ་བ་སྐྱ་རྦབ་དང་ཀླད་པར་ཆུ་བསགས་པ་སོགས་ས་མཐོའི་ནད་ཕོག་པ་མི་ཐེངས་421དང་། གཞུང་དོན་ཆེད་རྨས་པ་63བྱུང་བ་དེ་དག་གིས་དཀའ་ངལ་ལ་མི་སྐྲག་པར་མུ་མཐུད་ལས་ཀའི་རྒྱུན་བསྐྱངས་ཤིང་། ཁོང་ཚོས་རྣམ་གྲངས་སྣ་ཚོགས་1900ལྷག་ཙམ་ལག་ལེན་བསྟར་ནས་བོད་ལ་དཔེ་སྟོན་གྱི་ནུས་པ་དང་དཔལ་འབྱོར་གྱི་ཕན་པ་ཆེ་བའི་ཐོན་ལས་རྣམ་གྲངས་ཁག་གཅིག་བཙུགས་ནས། བོད་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྒུལ་ཤུགས་ཆེན་པོ་སྦྱིན་པ་རེད།
བྱ་བ་དངོས་བསྒྲུབས་ནས་བོད་རིགས་མང་ཚོགས་ཀྱི་སེམས་སུ་ཟུག་པ།
ས་བབ་མཐོ་ཚད་སྨི་5000ལས་བརྒལ་བའི་གཞིས་རྩེ་གྲོང་ཁྱེར་གྱི་འབྲོང་པ་རྫོང་དུ་པའོ་ཧྲན་ངར་ལྕགས་ཚོགས་པའི་བོད་སྐྱོར་ལས་བྱེད་པ་དབྱང་ཆན་ཝུའེ་ཡིས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་ཞིང་འབྲོག་པར་མཚེར་ས་སྤོ་སྐབས་འགྲོ་སའི་ཟམ་པ་13བརྒྱབ་པ་དང་། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ནག་ཆུ་གྲོང་རྡལ་ལ་ཆུ་འགྲོ་མེད་སྟབས་ཉིང་ཞ་ཞིང་ཆེན་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་བོད་སྐྱོར་ལག་རྩལ་ལས་བྱེད་པ་ཞུའེ་ཁེ་ཡིས་དཔྱད་ཆས་ལྕི་པོ་རྒྱབ་ཏུ་ཁུར་ནས་རང་ཉིད་ཀྱི་ཆེད་ལས་ལ་བརྟེན་ཏེ་ཆུ་འཐེན་དང་། ཆུ་གཤོང་། དྲོད་རླངས་མཁོ་སྤྲོད་བཅས་ཀྱི་ལས་གྲྭ་ཆེན་པོ་གསུམ་ལ་འཛུགས་སྐྲུན་འཆར་འགོད་བྱེད་པར་རྙེད་དཀའ་བའི་གནད་འཁེལ་གྲངས་གཞི་མང་པོ་མཁོ་འདོན་བྱས་པས། ནག་ཆུ་བས་ལོ་ངོ་བརྒྱ་ཕྲག་ནང་ལྕི་བ་བུད་ནས་དྲོད་ལེན་པ་དང་ཐག་རིང་དུ་འཐུང་ཆུ་ལེན་པར་འགྲོ་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
གཞན་ཡང་བོད་སྐྱོར་སྲིད་ཇུས་ཀྱི་སྐུལ་སྤེལ་འོག་བོད་ཀྱི་སྨན་བཅོས་ཆུ་ཚད་ཀྱང་བརྟན་པོའི་ངང་ལེགས་སུ་སོང་ཡོད་དེ། ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་གི་འགན་འཛིན་ཧྥང་ཧྲི་མིང་གིས“ཀྲེ་ཅང་ནས་སླེབས་པའི་བོད་སྐྱོར་སྨན་པ་གསུམ་དང་། ལེའོ་ཉིང་གི་ཚོགས་སྒྲིག་རྣམ་པའིི་བོད་སྐྱོར་སྨན་པ་བཅོ་བརྒྱད‘ནང་དུ་གདན་འདྲེན་པ’དང་། སྨན་ཁང་འདི་གའི་སྨན་པ‘ཕྱིར་སྐྱེལ་བའི’གསོ་སྦྱོང་བྱས་པས་སྨན་ཁང་གི་འཆར་བཀོད་དང་། སྒྲིག་ཆས། ལག་རྩལ་སོགས་གང་ས་ཅི་ཐད་ནས་ཡག་ཏུ་སོང་སྟེ་སྟོང་ཆ་ཁག་བཅུ་ལྷག་ཙམ་བསབས་ནས། སྔོན་མ་བྱེད་མི་ཐུབ་པའི་གཤགས་བཅོས་ད་ཆ་དཀའ་ངལ་མེད་པར་བྱེད་ཐུབ་པར་གྱུར་ཡོད”ཅེས་བཤད།
མི་རིགས་དབར་གྱི་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་མ་ཐེབས་པ།
ཐེམ་ཁུངས་བོད་ནས་ཡིན་པའི་འདི་ལོའི་སློབ་ཆེན་ཐོན་པའི་སློབ་མ་1400ལ་ལྗོངས་ཕྱིར་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དང་། ཁ་ཤོ་ཅན། སྐྱ་གྲིབ་ནད་པ་སོགས་མི་2100ལྷག་ཙམ་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གསར་དུ་བཏོད་ནས་ནད་པ་མི་ཐེངས་ཁྲི་3.4ལ་སྨན་བཅོས་བྱས་པ་སོགས་ལོ་གསུམ་ནང་། བོད་སྐྱོར་ལས་བྱེད་པས་བོད་ཀྱི་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་ཕུལ་བར་ཀུན་གྱི་ཁས་ལེན་ཐོབ་པ་རེད།
བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་རུ་སྣེ་འཁྲིད་མཁན་ཝང་ཧྥེང་ཁྲའོ་ཡིས“བོད་སྐྱོར་ནི་ཏང་གཤིས་སློབ་གསོའི་ལག་ལེན་གྱི་སློབ་ཚན་ཞིག་ཡིན་པས། ལས་བྱེད་པའི་ཏང་གཤིས་དང་སྙིང་སྟོབས་ལ་ཞུན་བརྡར་ཐེབས་ལ། སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པའི་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན་པས། དེ་ནི་མི་ཚེའི་ཁྲོད་རྩ་ཆེ་བའི་རྒྱུ་ནོར་ཞིག་ཡིན”ཞེས་བཤད།