དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་རིག་དངོས་སྲུང་སྐྱོབ་ལ་ཆེད་དངུལ་སྒོར་དུང་ཕྱུར་20ལས་མི་ཉུང་བ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-08-01

    གསར་འགོད་པས་ཟླ་7ཚེས་28ཉིན་ལྷ་སར་འཚོགས་པའི་རྒྱལ་ཡོངས་ཀྱི་རིག་དངོས་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཐད་རོགས་སྐྱོར་བྱེད་པའི་ཆེད་དངུལ“ལོ་ལྔ་ཚན་བཅུ་གཉིས་པའི”རྨང་གཞིའི་ཐོག་ལྡབ་གཅིག་འཕར་ནས་ཁྱོན་བསྡོམས་སྒོར་དུང་ཕྱུར་20ལས་མི་ཉུང་བ་གཏོང་རྒྱུ་ཡིན་པ་རེད། དེ་ཉིན་ད་དུང་2016ལོའི་རྒྱལ་ཡོངས་ཀྱི་རིག་དངོས་ཅུས་ཀྲང་གི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།

    རིག་གནས་པུའི་ཏང་ཙུའི་ཁོངས་མི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དངུལ་དེ་གཙོ་བོ་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་77ཉམས་གསོ་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པ་དང་། དེའི་ནང་ལྷོ་ཁའི་གནའ་བོའི་བཟོ་སྐྲུན་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་ཤུལ། ཆབ་མདོའི་གནའ་བོའི་སྐྱེ་དངོས་ཐོན་ཁུངས། མངའ་རིས་ས་ཁུལ་གྱི་བྲག་བརྐོས་རི་མོ། ནང་བསྟན་ཆོས་ལུགས་ཀྱི་ཤུལ་བཞག་སོགས་ཀྱི་གནའ་རྫས་རྟོག་ཞིབ་སོགས་དང་བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་རྟེན་རྫས་བཤམས་མཛོད་ཁང་དགུ་གསར་སྐྲུན་ནམ་ཡང་ན་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་ཚུད་ཡོད་པ་རེད། དེ་མིན་ད་དུང་རྟེན་རྫས་བཤམས་མཛོད་ཁང་ཁག་གཅིག་གསར་སྐྲུན་བྱེད་རྒྱུ་ཡིན་པ་དཔེར་ན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གསར་པ་དང་། ནག་ཆུའི་རྟེན་རྫས་བཤམས་མཛོད་ཁང་། མངའ་རིས་རྟེན་རྫས་བཤམས་མཛོད་ཁང་བཅས་གསར་སྐྲུན་བྱ་རྒྱུ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་དུ་ཁྱད་ཆོས་ལྡན་ལ་བྲིན་ཁ་རྒྱུག་པའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་གསར་གཏོད་ཐོན་རྫས་གསར་སྤེལ་བྱ་རྒྱུ་དེ་ཡིན་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། བོད་ལ་ད་ལྟ་སྤོ་མི་རུང་བའི་རིག་དངོས་4277ཡོད་པ་དང་དེའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་55ཡོད་པ་རེད།“ལོ་ལྔ་ཚན་དགུ་པའི”དུས་སྐབས་སུ་མ་དངུལ་སྒོར་དུང་ཕྱུར་3.8བཏང་ནས་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ་སོགས་ཉམས་བཟོ་བྱས་པ་ནས་བཟུང་། ལོ་20ཡི་རིང་ཀྲུང་དབྱང་གིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར་30ལས་ཉེ་བ་བཏང་ནས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་གྲྭ་300ལྷག་ཙམ་ལག་ལེན་བསྟར་བ་དང་རིག་དངོས་སྲུང་སྐྱོབ་ཀྱི་རྩལ་ནུས་དོ་དམ་ཤེས་ལྡན་མི་སྣ་ཆིག་སྟོང་ཙམ་ལ་གསོ་སྦྱོང་བྱས་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་16བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་དང་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རིག་དངོས་སྡེ་ཚན་དང་འབྲེལ་ཡོད་ལས་ཁུངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས་130ལྷག་ཙམ་ཟིན་ཡོད་པ་རེད། གལ་ཆེའི་ལོ་རྒྱུས་རྗེས་ཤུལ་དང་སྤྱི་པའི་རིག་གནས་སྒྲིག་བཀོད་46སྐྲུན་འགོ་ཚུགས་པ་དང་། མཉེས་ཐང་སྒྲོལ་མ་ལྷ་ཁང་སོགས་ཀྱི་རྣམ་གྲངས་26ཁྱོན་ཡོངས་ནས་ལས་མཇུག་འགྲིལ་བ། དཔལ་འཁོར་ཆོས་སྡེ་སོགས་ཀྱི་རིག་དངོས་སྲུང་སྐྱོབ་ལས་གྲྭ་20ལག་ལེན་བསྟར་བཞིན་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་རིག་དངོས་ཅུས་དང་། པེ་ཅིང་གྲོང་ཁྱེར། ཧྲང་ཧའེ་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན། ཀྲེ་ཅང་ཞིང་ཆེན་བཅས་ཀྱི་རིག་དངོས་ཅུས་ཀྱིས་སྔ་རྗེས་སུ་ཁག་གཉིས་ཀྱི་ལས་བྱེད་པ་8བདམས་ནས་བོད་དུ་ལས་དོན་སྒྲུབ་པར་མངགས་ཡོད་པ་རེད། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་རིག་དངོས་སྡེ་ཚན་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རང་ངོས་ཀྱི་ལེགས་ཆ་དང་གཙོ་ཆེའི་ལས་གྲྭའི་རྣམ་གྲངས་ཟུང་འབྲེལ་བྱས་ཏེ་རིག་དངོས་སྲུང་སྐྱོབ་ཉམས་གསོ་དང་། རིག་དངོས་བདེ་འཇགས། ལས་གྲྭའི་དོ་དམ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས་མང་གཉེར་ཡོད་པ་རེད། ལྗོངས་ཡོངས་ཀྱི་མི་ཐེངས་630ལ་གསོ་སྦྱོང་བྱས་པ་དང་མི་ཐེངས་130རྒྱལ་ཁབ་རིག་དངོས་ཅུས་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རིག་དངོས་སྡེ་ཚན་གྱིས་གཉེར་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།