ཟླ་7ཚེས་13ཉིན། མཚོ་སྔོན་སློབ་ཆེན་གཙང་གསུམ་ཆུ་འགོའི་སྣོད་བཅུད་དང་ས་མཐོའི་ཞིང་འབྲོག་ལས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་དངོས་སུ་བཀལ་བ་ལས། མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། མཚོ་སྔོན་སློབ་ཆེན་གྱིས“ཤུགས་རྐྱེན་ལྡན་པའི་དེང་རབས་སློབ་ཆེན”སྐྲུན་པའི་དམིགས་ཚད་དང་ཉེ་རུ་ཕྱིན་པ་མཚོན་ཡོད།
2001ལོར་ཆིང་ཧྭ་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་དབར་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་པ་དང་། ལོ་ཤས་སོང་རྗེས་སློབ་གཉེར་གྱི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་གླིང་དང་། ཀྲུང་གོ་ས་གཤིས་སློབ་ཆེན། ཧྭ་ཏུང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན། པེ་ཅིང་ཞེ་ཧོ་གསོ་རིག་སློབ་ཆེན་བཅས་གདན་དྲངས་ཏེ་ཁ་གཏད་རོགས་སྐྱོར་གྱི་དཔུང་ཁག་ནང་སྔ་ཕྱིར་ཞུགས་ནས་ཆིང་ཧྭ་སློབ་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་སྤྱིའི་སྒྲོམ་གཞིའི་འོག མཐོ་སློབ་ལྔས་མཚོ་སྔོན་སློབ་ཆེན་གྱི་འཕེལ་རྒྱས་ལ་ཐུན་མོང་ཐོག་རོགས་སྐྱོར་བྱེད་པའི་རྣམ་པ་ཞིག་ཆགས་པ་རེད།
སྒེར་སེམས་མེད་པར་དོན་དམ་རོགས་སྐྱོར་བྱས། རང་ངོས་གོང་མཐོར་སོང་ཞིང་ཤེས་བྱ་འཕེལ།
ལོ་བཅོ་ལྔའི་གོང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་20ཙམ་ལས་མེད་པ་ནས་ད་ཆ་སྨི་ངོས་གྲུ་ཁྲི་65བར་རྒྱ་ཆེར་ཕྱིན་ཡོད། ལོ་བཅོ་ལྔའི་གོང་། མཚོ་སྔོན་སློབ་ཆེན་ཞིང་ཆེན་མཐོ་སློབ་མིང་གྲལ་གྱི་རྒྱབ་ཏུ་ཡིན་པ་དང་ད་ཆ་ཞིང་ཆེན་གྱི་མཐོ་སློབ་རྩེ་གྲར་གྱུར་པ་མ་ཟད། རྒྱལ་ཡོངས་མཐོ་སློབ་མིང་གྲལ་ནས་ཆེས་ཆེར་འཕར་ཡོད།
“སློབ་གྲྭ་རྒྱ་ཆེ་རུ་དང་མཛེས་སུ་ཕྱིན་པ་མ་ཟད། ད་དུང་སློབ་གསོའི་སྤུས་ཚད་ལེགས་པའི་ཁར་འོད་ཤུགས་འོད་དྲོད་ཚོད་ལྟའི་རྟེན་གཞིའི་ལག་རྩལ་དང་ཁྱད་ལྡན་སློབ་ཚན་དང་ཚན་ཞིབ་རྣམ་གྲངས་ཁག་གཅིག་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད”ཅེས་མཚོ་སྔོན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཧུང་ཞན་གྱིས་སྤོབས་ཕེམས་ཆེན་པོས་ངོ་སྤྲོད་བྱས། མཚོ་སྔོན་སློབ་ཆེན་གྱིས་སྔ་རྗེས་སུ་ཁུ་ནུའི་མཁས་དབང་38དང་། འབུམ་རམས་པ་84 རབ་འབྱམས་པ་373བཅས་གདན་དྲངས་ནས་འབུམ་རམས་པ་63དང་རབ་འབྱམས་པ་396གསོ་སྐྱོང་བྱས་པས། སྔོན་ཐོན་གྱི་དོ་དམ་འདུ་ཤེས་སློབ་གྲྭར་དར་ཁྱབ་བྱུང་ཡོད།
“ཁ་གཏད་རོགས་སྐྱོར་ནི་ཏང་དང་རྒྱལ་ཁབ་ཀྱིས་ཆིང་ཧྭ་སློབ་ཆེན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གྱི་ངོས་ནས་ཡུན་རིང་མཐའ་འཁྱོངས་བྱས་ཏེ་སྒེར་སེམས་མེད་པ་དང་། ཕྱོགས་མང་། ཏན་ཏན་ཏིག་ཏིག་བཅས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབ་དགོས”ཞེས་པ་དེ་ནི་ཆིང་ཧྭ་སློབ་ཆེན་གྱི་དེ་སྔའི་ཏང་ཨུད་ཧྲུའུ་ཅི་ཁྲེན་ཤིས་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་དུ་མཛུབ་ཁྲིད་གནང་བར་ཐེངས་13ཕེབས་སྐབས་ནན་བཤད་གནང་བའི་སྐད་ཆ་ཞིག་རེད། ལོ་15རིང་། ཆིང་ཧྭའི་མཁས་དབང་4སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་གྱི་སློབ་སྤྱི་བྱས་པ་དང་། ཁང་གཉིས་ཀྱི་ཡོན་ཧྲེ་10ལྷག་ཙམ་ས་མཐོར་གཞིས་ཆགས་པ། རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་17གྱིས་སློབ་གླིང་དང་ཚན་ཁག་གི་འགན་འཁུར་བ་བྱས་པ། རིགས་གཅིག་མཁས་ཅན་གྱི་སློབ་ཁྲིད་ཚོགས་པ་ཁག་10ཡིས་སློབ་ཚན་དང་། ཆེད་ལས་ཚན་ཁག ཚོད་ལྟ་ཁང་བཅས་འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་རེད།
ཁྱད་ཆོས་མངོན་པར་བྱས་ནས་རྩེ་གྲ་བཏོད། གཉིས་ཁེ་གཉིས་ཕན་ལྷན་ཅིག་གོང་མཐོར་བཏང་།
མཚོ་སྔོན་སློབ་ཆེན་གྱི་རྩིས་འཁོར་ཚན་ཁག་དེ་2007ལོར་ཆིང་ཧྭ་སློབ་ཆེན་རྩིས་འཁོར་ཚན་ཁག་གི་ཐད་ཀའི་རོགས་སྐྱོར་འོག་བཙུགས་པ་ཞིག་རེད། ཚན་ཁག་དེ་བཙུགས་པ་ནས་ད་བར་ལས་འགན་ལྕི་པོ་གཉིས་ཁུར་ཡོད་པ་སྟེ། སློབ་གྲྭའི་སློབ་མ་ཡོངས་ལ་རྩིས་འཁོར་གྱི་སློབ་ཁྲིད་དང་རྩིས་འཁོར་གྱི་ཆེད་ལས་འཛུགས་རྒྱུ་དེ་རེད། ཆིང་ཧྭ་སློབ་ཆེན་ནས་སླེབས་པའི་ཚན་ཁག་ཀྲུའུ་རེན་ཧྲེ་ཡོན་ཁྲུན་གྱི་ལས་འགན་གཙོ་བོ་ནི་ཚན་ཞིབ་དང་ཞིབ་འཇུག་སློབ་མའི་སློབ་གསོས་འདེགས་སྐྱོར་བྱས་པའི་སློབ་ཚན་གཏོད་རྒྱུ་དེ་རེད།
“མཚོ་སྔོན་སློབ་ཆེན་ལ་རོགས་སྐྱོར་བྱེད་པ་དང་དུས་མཚུངས། ང་ཚོ་དང་ཚོགས་པས་གསར་གཏོད་དང་མཐོར་གཏོང་ལ་ཡང་གཞོལ་གྱིན་ཡོད” 2013ལོ་ནས་ད་བར་ཧྲེ་ཡོན་ཁྲུན་གྱི་སྣེ་ཁྲིད་འོག་སློབ་ཚན་གྱི་ཚོད་ལྟ་ཁང་3བཙུགས་རྗེས་རྒྱལ་ཁབ་རིམ་པའི་རང་བྱུང་ཚན་རྩལ་ཐེབས་རྩ་སོགས་ཚན་ཞིབ་རྣམ་གྲངས་མང་པོ་ཐོབ་པ་མ་ཟད། སློབ་གསོ་པུའི་རྩིས་འཁོར་ཆེད་ལས་ཀྱི་རབ་འབྱམས་པའི་གནས་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་འབྲེལ། སློབ་མ་བསྡུས་ནས་མཚོ་སྔོན་སློབ་ཆེན་རྩིས་འཁོར་ཚན་ཁག་གི་སློབ་ཁྲིད་དང་། ཚན་ཞིབ། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཐོན་ཁུངས་རྒྱ་ཆེར་བཏང་ནས་གསོན་ཤུགས་སྤེལ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལེའུ་གསར་བརྩམས།
མཚོ་སྔོན་སློབ་ཆེན་གྱི་འདེམས་སྦྱོང་སློབ་ཚན་འདེམས་སྐབས་ཆིང་ཧྭ་སློབ་ཆེན་གྱི་དྲ་ཐོག་སློབ་ཚན་འདེམས་ཆོག་གི་ཡོད། དེ་བདམས་ཚེ་ཆིང་ཧྭའི་དགེ་རྒན་ཆེ་མོ་བ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་ཐུབ། ད་ཆ་སློབ་གྲྭའི་གང་སར་ཆིང་ཧྭའི་ཤུགས་རྐྱེན་ཟབ་མོ་ཐེབས་པ་མངོན་གྱི་འདུག
ལི་ཁྲང་ཀྲུང་ནི་ཆིང་ཧྭ་སློབ་ཆེན་གྱི་འབུམ་རམས་པའི་མཚན་གནས་ཐོབ་པའི་མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་དང་པོ་དེ་རེད། ཁོང་གིས་ཆིང་ཧྭ་སློབ་ཆེན་གྱི་དྲིན་བརྗོད་སྐབས“ཆིང་ཧྭ་སློབ་ཆེན་གྱིས་རང་ཉིད་གསོ་སྐྱོང་བྱས་པ་མ་ཟད། ང་གནས་སའི་མཚོ་སྔོན་སློབ་ཆེན་སྐྱེ་དངོས་ཚན་ཁག་ཀྱང་ཆིང་ཧྭ་སློབ་ཆེན་གྱི་ཚེ་སྲོག་ཚན་ཁག་སློབ་གླིང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་རྐྱེན་གྱིས་སློབ་ཁྲིད་འཛུགས་སྐྱོང་དང་། ཚོད་ལྟ་ཁང་སྐྲུན་པ། དགེ་རྒན་དཔུང་ཁག་གསོ་སྐྱོང་བཅས་ཀྱི་ཐད་དུས་བསྟུན་འཕེལ་རྒྱས་ཕྱིན་ཡོད”ཅེས་བཤད།
ལོ་15ཡི་གོང་དང་བསྡུར་ན། མཚོ་སྔོན་སློབ་ཆེན་ལ་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཚན་ཞིབ་རྣམ་གྲངས་དང་གྲུབ་འབྲས་ཐོབ་ཚད་ལྡབ་དྲུག་ཙམ་འཕར་བ་དང་། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་རྩལ་བྱ་དགའ་ཐོབ་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཕྱེད་ཀ་བཟུང་ཡོད།