དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་བོད་ཀྱི་ཁྲལ་འབབ་དུས་ཚོད་ཕྱེད་ཀ་ཡོལ་དུས་ལས་འགན་ཕྱེད་ཀ་ཡན་འགྲུབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-31

    ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འབབ་སྒོར་དུང་ཕྱུར་130.66བསྡུས་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་34.72འཕར་ནས་36.2%མང་དུ་ཕྱིན་ཏེ་ལོ་འགོའི་ཁྲལ་འབབ་འཆར་གཞིའི་62.2%ལེགས་གྲུབ་ཟིན་ཁར། དུས་ཚོད་ཕྱེད་ཀ་ཡོལ་དུས་ལས་འགན་ཕྱེད་ཀ་ཡན་བདེ་བླག་ངང་ལེཌ་གྲུབ་ཟིན་ཏེ་བོད་ཀྱི་ཁྲལ་འབབ་ལས་དོན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

    དབྱེ་ཞིབ་བྱས་པ་ལྟར་ན། ལོ་སྟོད་དུ་རང་ལྗོངས་ཀྱི་ཁྲལ་འབབ་ལས་དོན་ཐད་གཤམ་གསལ་གྱི་ཁྱད་ཆོས་འདི་དག་མངོན་པ་སྟེ། གཅིག་ནི་ཡོང་འབབ་བསྡོམས་འབོར་མགྱོགས་མྱུར་འཕར་ནས“དུས་ཚོད་ཕྱེད་ཀ་ཡོལ་དུས་ལས་འགན་ཕྱེད་ཀ་ཡན་འགྲུབ་ཟིན་པའི”དམིགས་ཚད་མངོན་འགྱུར་བདེ་བླག་བྱུང་ཡོད། འདི་ལོའི་ལོ་སྟོད་དུ་བོད་ཀྱི་ཁྲལ་དོན་ཡོང་འབབ་ཀྱིས་ལོ་འགོའི་ཁྲལ་འབབ་འཆར་གཞིའི་62.2%ལེགས་གྲུབ་ཟིན་པ་དང་།དུས་ཚིགས་དང་པོ་དང་གཉིས་པའི་ཁྲལ་འབབ་དུས་མཚུངས་ལས་འཕར་ཚད་18%དང་24.3%སོ་སོར་ཟིན་ཏེ་ཡོང་འབབ་བརྟན་པོའི་ངང་འཕར་ནས་འཕར་ཚད་མངོན་གསལ་དོད་པོ་བྱུང་སྟེ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་ཡོད། གཉིས་ནི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་སྲིད་ཇུས་ཀྱིས་ཁྲལ་འབབ་ཡོང་འབབ་ལ་ཐོན་པའི་ཤུགས་རྐྱེན་མངོན་གསལ་དོད་པོ་ཡོད། ཡོང་འབབ་བགོ་བཤའ་རྒྱག་པའི་སྲིད་ཇུས་ཀྱི་ཤུགས་རྐྱེན་ཕོག་ནས་ཀྲུང་དབྱང་དང་ས་གནས་རིམ་པ་གཉིས་ཀྱི་ཡོང་འབབ་ཧེ་བག་ཆེ་རུ་ཕྱིན་ཡོད། ལོ་སྟོད་དུ་ཀྲུང་དབྱང་རིམ་པའི་ཡོང་འབབ་དང་ས་གནས་རིམ་པའི་ཡོང་འབབ་སྒོར་དུང་ཕྱུར་80.16དང་སྒོར་དུང་ཕྱུར་47.88སོ་སོར་ལེགས་གྲུབ་ཟིན་ཏེ་དུས་མཚུངས་དང་བསྡུར་ན་64.3%དང་6.2%སོ་སོར་འཕར་ཡོད། གསུམ་ནི་ཐོན་ལས་གསུམ་པའི་ཁྲལ་འབབ་ཀྱི་ལེགས་སྐྱེས་འབུལ་ཚད་ཀྱིས་མུ་མཐུད་གཅོ་ཁྲིད་ཀྱི་གནས་བབ་བཟུང་ཡོད། ལོ་སྟོད་དུ་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པའི་ཁྲལ་འབབ་སྒོར་དུང་ཕྱུར་22.9དང་སྒོར་དུང་ཕྱུར་105.06སོ་སོར་ལེགས་གྲུབ་ཟིན་ནས་དུས་མཚུངས་ལས་28.2%དང་38.3%སོ་སོར་མང་དུ་ཕྱིན་ཏེ་ཡོང་འབབ་སྒོར་དུང་ཕྱུར་5.03དང་སྒོར་དུང་ཕྱུར་29.09འཕར་ནས་བོད་ཡོངས་ཀྱི་ཁྲལ་འབབ་ནང་བཟུང་བའི་བསྡུར་ཚད་17.9%དང་82.1%སོ་སོར་ཟིན་ཡོད། བཞི་ནི་ཁྲལ་རིགས་གཙོ་བོས་ཡོང་འབབ་འཕར་རྒྱུར་འདེགས་སྐྱོར་བྱེད་ནུས་ཉིན་བཞིན་མངོན་གསལ་དོད་དུ་སོང་ཡོད། ལོ་སྟོད་དུ་ཁྲལ་རིགས་ཁག་ལ་སྤྱིར་བཏང་ཐོག་འཕར་བའི་རྣམ་པ་བཟང་པོ་ཞིག་མངོན་ནས་ཁྲལ་རིགས་13ནང་དུ་འཕར་ཚད་43%ཡན་ཟིན་པའི་ཁྲལ་རིགས་6ནང་གནས་ཐང་འཕར་ཁྲལ་དང་། འཛད་སྤྱོད་ཀྱི་ཁྲལ། ཁེ་ལས་ཀྱི་ཐོབ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ། འཁོར་རིགས་ཉོ་སྒྲུབ་ཀྱི་ཁྲལ་བཅས་ཁྱོན་སྒོར་དུང་ཕྱུར་33.86འཕར་ནས་འབབ་འཕར་དངུལ་འབོར་99.1%ལེགས་སྐྱེས་ཕུལ་བ་རེད། ལྔ་ནི་སྲོལ་རྒྱུན་ལས་རིགས་དེ་སྔར་བཞིན་ཡོང་འབབ་འཕར་བའི་གཙོ་ཤུགས་དམག་ཅིག་རེད། བོགས་གཏོང་དང་། ཚོང་དོན་ཞབས་ཞུའི་ལས་རིགས། སྡེབ་ཚོང་དང་སིལ་ཚོང་ལས་རིགས། བཟོ་སྐྲུན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། དངུལ་རྩའི་ལས་རིགས། ས་ཁང་བདག་ཁོངས་ཐོན་ལས་སོགས་ལས་རིགས་དྲུག་གིས་ཁྱོན་སྒོར་དུང་ཕྱུར་111.55ལེགས་གྲུབ་ཟིན་ནས་ཁྲལ་འབབ་ཡོང་འབབ་བསྡོམས་འབོར་གྱི་87.1%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།