དབུ་ཤོག>གསར་འགྱུར།
  • ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་ཁག་བརྒྱད་པའི་བོད་སྐྱོར་དང་ཁག་གསུམ་པའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ལྷ་ས་དང་ཟི་ལིང་དུ་འབྱོར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་ཁག་བརྒྱད་པའི་བོད་སྐྱོར་དང་ཁག་གསུམ་པའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚེས་27ཉིན་པེ་ཅིང་རྒྱལ་སའི་གནམ་ཐང་ནས་ཐོན་ཏེ་ལྷ་ས་དང་ཟི་ལིང་དུ་འབྱོར་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་ཁག་བརྒྱད་པའི་བོད་སྐྱོར་དང་ཁག་གསུམ་པའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྱོན་མི་གྲངས་1813ཡོད་པ་དང་ཁག་གོང་མ་ལས་སྤྱིའི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་པ་དང་། གྲུབ་ཆའི་ནུས་པ་སྔར་བས་ལེགས་སུ་ཕྱིན་པ། ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྱོན་1562ཡོད་པ་དང་དེའི་ནང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱིས་མི་གྲངས་339འདེམས་གཏོང་བྱས་ཡོད་པ་དང་། མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྱོན་མི་གྲངས་251ཡོད་པ་དང་དེའི་ནང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱིས་མི་གྲངས་78འདེམས་གཏོང་བྱས་ཡོད་པ་རེད།

    མི་དང་ལས་གནས་འཚམ་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་འཕྲལ་མཁོ་ཆེ་བའི་སྨན་བཅོས་དང་སློབ་གསོ་སོགས་ཐད་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གནད་སྨིན་འདེམས་གཏོང་བྱ་རྒྱུར་མཐོང་ཆེན་བྱས་ནས “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་མི་སྣ་ཁྱོན་179འདེམས་གཏོང་བྱས་ཡོད་པ་རེད། འདེམས་གཏོང་ལས་ཀའི་ཁྲོད་འབྲེལ་ཡོད་ཚན་པ་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་སྐྱོར་དང་མཚོ་སྐྱོར་བྱ་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་གཙོ་གནད་ལས་སྟེགས་ཤིག་ལ་བརྩིས་ནས་ལས་ཀའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འདེམས་གཏོང་བྱེད་ཐབས་ལེགས་སུ་གཏོང་བ། འདྲ་མཚུངས་ཀྱི་དྲག་འདེམས་འདེམས་གཏོང་བྱེད་པ་བཅས་བྱས་ནས་མི་འདེམས་པའི་སྤུས་ཚད་འགན་ལེན་བྱས་ཡོད་པ་རེད།

    བོད་སྐྱོར་དང་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མགྱོགས་མྱུར་ལས་ཀ་དང་འཚམ་ཐུབ་པ་དང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཡོང་བ་བྱ་ཆེད་ཟླ་7ཚེས་23ནས་25ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་པེ་ཅིང་དུ་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱིས་འདེམས་གཏོང་བྱས་པའི་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་གསོ་སྦྱོང་བྱས་པ་དང་འབྲེལ། ཁག་གསར་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་དང་མཚོ་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་དང་བླང་བྱ་བཏོན་ཡོད་པ་རེད། དེ་དང་ཆབས་ཅིག་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་སྣེ་འཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་བླངས་ནས་ཏང་གི་ཆབ་སྲིད་མངགས་བཅོལ་དང་བོད་སྐྱོར་མཚོ་སྐྱོར་གྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མཚོ་བོད་ས་མཐོའི་ཐོག་བྱས་རྗེས་འཇོག་ཐུབ་པ་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་སྦྱོང་བརྡར་ཧུར་ཐག་བྱས་ཏེ་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གཟུགས་བརྙན་བཟང་པོར་རང་རྟོགས་ངང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད་པ་རེད། གསོ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་པུའུ་ཨུད་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ད་དུང་བོད་ལྗོངས་དང་མཚོ་སྔོན་གྱི་བོད་རིགས་ས་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ལ་དམིགས་ནས་ཆེད་དོན་འཆད་འཁྲིད་བྱས་ཡོད་པ་རེད།

    མིག་སྔར། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་འདེམས་གཏོང་བྱས་པའི་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་བགོས་བཞིན་བོད་ལྗོངས་དང་མཚོ་སྔོན་དུ་གཅིག་འཇུག་གཉིས་མཐུད་ངང་འབྱོར་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། 1994ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ལས་བྱེད་པ་འདེམས་གཏོང་བྱས་ཏེ་ཁ་གཏད་བོད་སྐྱོར་བྱེད་པའི་གལ་ཆེའི་གཏན་འབེབས་གནང་ཡོད་པ་རེད། 2010ལོར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་མཚོ་སྔོན་གྱི་བོད་རིགས་ས་ཁུལ་ཁ་གཏད་རོགས་སྐྱོར་ནང་འཇུག་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད། ལོ་20ལྷག་ཙམ་ཚུན་དུ་ཁྱོན་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་6000ལྷག་ཙམ་འདེམས་གཏོང་བྱས་ནས་བོད་སྐྱོར་དང་མཚོ་སྐྱོར་ལས་དོན་སྤེལ་ཡོད་པ་རེད། རྒྱ་ཆེའི་བོད་སྐྱོར་དང་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ས་གནས་དེ་གའི་ལས་བྱེད་པ་དང་མཉམ་དུ་རང་འགན་གཙང་སྒྲུབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་ལྗོངས་དང་མཚོ་སྔོན་གྱི་བོད་རིགས་ས་ཁུལ་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།