དབུ་ཤོག>གསར་འགྱུར།
  • བོད་ལ་འཕེལ་རྒྱས་ཇི་ཙམ་བྱུང་མིན་གྲོང་གསེབ་ཀྱི་རྣམ་པ་གསར་པ་ལས་མངོན་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-26

    རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་ཆེད། 2010ལོ་ནས་2015ལོ་བར། རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་56.98གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྒྲིག་གི་འདུ་འགོད་ལ་བཏང་ནས་སྔ་རྗེས་སུ་སྲིད་འཛིན་གྲོང་ཚོ(གྲོང་ལྷན)5398རིམ་བཞིན་ལག་བསྟར་ཁྱབ་ཁོངས་ནང་བཅུག་ཅིང་། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་བར། རང་ལྗོངས་སུ་རྩ་བའི་ཆར་སྲིད་འཛིན་གྲོང་ཚོའི(གྲོང་ལྷན)མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད་པ་རེད།

    “དེ་སྔོན་ང་སོ་ཕག་ཁང་པའི་ནང་སྡོད་ཀྱི་ཡོད། ཁང་པའི་ཐོག་དཔངས་དམའ་ཞིང་ཁང་མིག་ཆུང་བའི་ཁར། ཁང་པའི་གྱང་ཡང་རྙིང་པ་ཡིན་ལ་ས་རུབ་སྐབས་གློག་ཀྱང་ཡང་ཡང་ཆད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ར་སྟོད་གྲོང་ཚོའི་ཚོགས་ཆུང་ལྔ་པ་ནས་ཡིན་པའི་མིག་དམར་གྱིས་དེ་ལྟར་བཤད་ཅིང་། ཁོང་གིས་གླ་པ་རྒྱུག་ནས་བསགས་པའི་དངུལ་དང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་ཁ་གསབ་དངུལ་ལ་བརྟེན་ནས་སོ་ཕག་ཁང་པ་བཤིགས་ནས་ཉལ་ཁང་བཞི་དང་ཚོམས་ཆེན་གཅིག་ཡོད་པའི་ཁང་པ་གསར་པ་ཞིག་བརྒྱབ་ཡོད་པ་དང་། སྒོ་རའི་ནང་ཤིང་འབྲས་སྡོང་པོ་དང་མེ་ཏོག་བཏབ་ཡོད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཚོམས་ཆེན་ནང་འཁྱག་སྒམ་དང་གོས་འཁྲུའི་འཕྲུལ་འཁོར་སོགས་གློག་ཆས་མ་ཚང་བ་མེད་པའི་སྣང་བ་ཞིག་ངང་གིས་སྟེར་བྱུང་།

    རང་བྱུང་ཆ་རྐྱེན་སོགས་ཀྱི་དབང་གིས་ད་བར་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་སྟངས་དོ་མཉམ་མེད་ལ་ཐོན་སྐྱེད་ཀྱི་ཆ་རྐྱེན་ཡང་ཧེ་བག་ཆེན་པོ་འཛོལ་ཡོད། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་རིང་། རང་སྐྱོང་ལྗོངས་ཀྱིས“རྒྱུག་པ་ལེབ་རྡུང”གཏན་ནས་མི་བྱེད་པར་ཞིང་འབྲོག་རོང་གསུམ་གྱི་ཁྱད་ཆོས་དང་དེ་བཞིན་ལྟེ་བའི་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེའི་མཛུབ་ཁྲིད་བྱས་ནས་འཆར་འགོད་ཇུས་གཞི་དང་ལས་ཀའི་དམིགས་ཚད་མི་འདྲ་བ་བཟོས་ཡོད་པ་རེད།

    ལྷོ་ཁ་ས་ཁུལ་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་གླང་ཐང་གྲོང་ཚོ་དེ་རི་ཁུག་གི་ཡར་ཀླུང་གཙང་པོའི་ཆུ་ལྷག་འགྲམ་ངོགས་གནས་སྟབས་གོང་དཀར་རྫོང་མཁར་དང་བར་ཐག་སྤྱི་ལེ་70ལྷག་ཙམ་གྱིས་ཆོད་ཡོད། སྔོན་མ་གྲོང་ཚོས་གད་སྙིགས་གྲམ་ཆུའི་ནང་དབྱུགས་རྐྱང་བྱེད་ཀྱང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། རིམ་ཁག་སྡེ་ཚན་གྱིས་འབད་བརྩོན་ ལྷོད་མེད་བྱས་པ་བརྒྱུད་ད་ཆ་གྲོང་ཚོའི་ནང་གད་སྙིགས་བླུག་སྣོད་དང་། གད་སྙིགས་རླངས་འཁོར། གད་སྙིགས་དབྱེ་གསེད་ར་བ་སོགས་རྨང་གཞིའི་སྒྲིག་བཀོད་ཇེ་ཡག་ཏུ་སོང་ཡོད།

    “2012ལོར་ང་ཚོའི་གྲོང་ཚོར་མི་སྡོད་ཁོར་ཡུག་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་བཙུགས་ནས་སྔ་རྗེས་སུ་སྒོར་ཁྲི་100བཏང་བ་མ་ཟད། གྲོང་ཚོའི་ནང་སྔོ་ཁེབས་དང་། མཛེས་བཟོ། འཕྲོད་བསྟེན་བཅས‘སྒོ་ཁའི་འགན་ལེན་གསུམ’སྤེལ་བས་མང་ཚོགས་རྣམས་ཀྱིས་གྲོང་སྡེའི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རང་འགུལ་སེམས་པ་ཆེ་རུ་ཕྱིན་ཡོད”ཅེས་གླང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་བཤད།

    “གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱས་པ་བརྒྱུད་སྣོད་བཅུད་བཟང་བ་དང་། མི་སྡོད་རྒྱུར་འཚམ་པ། གྲོང་ཚོ་བཀོད་གཙང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་ལྟ་ན་སྡུག་པའི་གྲོང་སྡེ་མང་དག་ཅིག་ལྗོངས་ཡོངས་ཀྱི་ས་ཕྱོགས་གང་སར་ཁྱབ་ཡོད། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པ་དང་། ཡུལ་མི་རང་གིས་བདག་པོ་རྒྱག་པ། ཁྲོམ་རར་ཕྱོགས་པའི་གཉེར་སྐྱོང་བྱེད་སྟངས་བཅས་ཟུང་དུ་འབྲེལ་བའི་རྗེས་མཐུད་ཀྱི་གཉེར་སྐྱོང་དོ་དམ་ཕུགས་འཕེར་ལམ་སྲོལ་ཞིག་འཚོལ་ཞིབ་བྱས་ནས་གྲོང་གསེབ་གསར་པ་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་མངོན་པར་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཏུ་ཆགས་པ་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་བདེ་སྡོད་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་རྣམ་རྒྱལ་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།