དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་སྐོར་ལ་བལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-24

    བོད་ནི་འཛམ་གླིང་གི“སྣེ་མོ་གསུམ་པར”གནས་པས་རི་རབ་ཀྱི་རྒྱལ་པོ་དང་ཆུ་ཁྲིའི་ཆུ་འགོའང་ཡིན། “འཛམ་གླིང་གི་དག་ཞིང་མཐའ་མ”དེའི་ཐོག་གདོད་མའི་སྣོད་བཅུད་ཀྱི་རང་བྱུང་ཁོར་ཡུག་དང་། དྭངས་ཤིང་གཙང་བའི་མཁའ་རླུང་། ཚང་ཚིང་གི་གདོད་མའི་ནགས་ཚལ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། མཛེས་སྡུག་ཡིད་འོང་གི་རི་ཀླུང་། དབུ་འཕངས་མཐོ་བའི་གངས་རི་བཅས་ལས་སྤུས་ཀ་ལེགས་པའི་ཚྭ་མེད་ཆུའི་ཐོན་ཁུངས་གྲུབ་ཡོད། གཙང་ཆུ་དང་མཚེའུ་མང་པོའི་ཆུ་སྤུས་ས་ངོས་ཀྱི་ཆུའི་འཁོར་ཡུག་སྤུས་ཚད་ཀྱི་རིམ་པ་གཉིས་པ་ཡན་གྱི་ཚད་གཞི་ཟིན་པ་དང་འཐུང་ཆུ་མང་པོའི་ཆུ་འགོའི་སྤུས་ཚད་རྒྱལ་ཁབ་ཀྱི་འཐུང་ཆུའི་ཚད་གཞི་ལས་ཆེས་ཆེར་ལེགས་པ་ཡོད། རང་ལྗོངས་ཀྱི་རང་བྱུང་འཐུང་ཆུར་གཏེར་རྒྱུ་ཕུན་སུམ་ཚོགས་པོ་ལྡན་པ་དང་། རང་བྱུང་སྦགས་བཙོག་མེད་པ། བདེ་འཇགས་ལྡན་ལ་སྤུས་ཀ་ལེགས་པ་བཅས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་སྟོབས་ཤུགས་མཉམ་འདོན་བྱས་པ་བརྒྱུད་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཁྲོམ་རའི་བྱེད་པོ་ཉིན་བཞིན་གྲ་རྒྱས་སུ་ཕྱིན་ནས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་པོ་ཞིག་མངོན་ཡོད།

    —— ཐོན་ལས་ལ་གཞི་ཁྱོན་རགས་ཙམ་ཆགས་པ། མིག་སྔར་ལྗོངས་ཡོངས་སུ་ཐོན་སྐྱེད་ཀྱི་ལག་ཁྱེར་ཡོད་པའི་རང་བྱུང་འཐུང་ཆུའི་ཁེ་ལས་31ཡོད་པ་དེར་ཐོན་སྐྱེད་སྒྲུབ་རིམ་30ལྷག་ཙམ་སྐྲུན་ཟིན་པ་དང་ཇུས་བཀོད་བྱས་པའི་ཐོན་ནུས་ཏུན་ཁྲི་300ལས་བརྒལ་ནས་ལས་རིགས་ཀྱི་སྤྱིའི་ལག་རྩལ་དང་དེ་བཞིན་བཟོ་རྩལ་གྱི་ཚད་གཞི་རྒྱལ་ནང་གི་ཆུ་ཚད་འབྲིང་ཡན་དུ་སླེབས་ཀྱི་ཡོད། 2015ལོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་འབབ་ཏུན་ཁྲི་42.56ཟིན་ནས་178%འཕར་བ་དེ་2010ལོའི་ལྡབ་5ཙམ་ཡིན་པ་རེད།

    —— བཀོད་པ་དེ་བས་ལུགས་དང་མཐུན་པ། མིག་སྔར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་དེ་བོད་དབུས་ལྟེ་བར་བྱེད་པ་དང་། བོད་ཀྱི་ཤར་ལྷོ་དང་བོད་ཀྱི་ནུབ་བྱང་མཐུན་སྦྱོར་ངང་འཕེལ་རྒྱས་ཀྱི་བཀོད་པ་ཞིག་རིམ་བཞིན་ཆགས་ཡོད། དེའི་ནང་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་ལྔར་ཁེ་ལས་31ཁྲོད་ཀྱི་29གཅིག་སྡུད་བྱས་ཡོད་པས་ཐོན་ལས་འདུ་འཛོམས་ཀྱི་ནུས་པ་རགས་ཙམ་མངོན་ཡོད།

    —— འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ། བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་རྫས་ཀྱི་སྣ་ཁ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བ་དང་ཐོན་རྫས་ཀྱི་རིམ་པ་མཐོ་འབྲིང་དམའ་གསུམ་ཡོད་པ་དང་ཀྲུང་གོའི་གྲགས་ཅན་ཚོང་རྟགས་1དང་། རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་2དང་སྤུས་རྟགས་མང་པོར་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་མང་པོ་སྔ་རྗེས་སུ་ཐོབ་པ་དང་། རྩེར་སོན་གྱི་སྤུས་ལྡན་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་རྫས་ལ་ལས་རིགས་ཁག་གི་ཁས་ལེན་དང་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་བྱུང་འཐུང་ཆུའི་ཐོན་ལས་དེ་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོ་དང་། ལྗང་མདོག དམངས་ཕྱུག བོད་དར་བཅས་ཀྱི་ཀ་རྟེན་ཐོན་ལས་གཙོ་བོར་བརྩིས་ནས་བཏོད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་བྱུང་འཐུང་ཆུའི་ཐོན་འབབ་ཏུན་ཁྲི་500ཡན་དང་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་400ཡན་ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད། “བོད་ཀྱི་ཆུ་བཟང·འཛམ་གླིང་གིས་མཉམ་སྤྱོད”ཅེས་པ་དེ་བསམ་འདུན་ནས་དངོས་ཡོད་དུ་རིམ་བཞིན་གྱུར་པ་དང“ཆུ་བཟང”དེ་བོད་ཀྱི་ལྕེ་ཐོག་དཔལ་འབྱོར་འཕར་སྣེར་གྱུར་ནས་ས་མཐོར་ཕན་འདོགས་པ་དང་གོ་ལ་ཧྲིལ་པོར་ཕན་བདེ་སྐྲུན་རྒྱུ་རེད།

    རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རོགས་སྐྱོར་བྱས་ནས་བཟོས་པའི《བོད་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་འཆར་བཀོད(2015ལོ་ནས་2025ལོ་བར)》ཡོངས་བསྒྲགས་དང་ལག་ལེན་བྱས་པ་དེས་ཐོན་ལས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་ནས་སྔ་རྗེས་སུ《རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《ལག་བསྟར་ཞིབ་སྲོལ》བཏོན་ནས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཞིབ་ཕྲ་དང་རོགས་སྐྱོར་བྱ་ཐབས་སྔར་བས་ཁ་གསལ་བཟོས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་2.5ཐོ་འགོད་བྱས་ནས་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་ཡོད།

    “བོད་ཀྱི་ཆུ་བཟང”སྤྱི་ཡོངས་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། 2014ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུས་མཉམ་དུ་མི་དམངས་ཚོགས་ཁང་ཆེ་མོའི་ནང“བོད་ཀྱི་ཆུ་བཟང·འཛམ་གླིང་གིས་མཉམ་སྤྱོད”ཅེས་པའི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བས་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། 2015ལོར་ཅང་སུའུ་ཞིང་ཆེན་དུ“བོད་ཀྱི་ཆུ་བཟང·འཛམ་གླིང་གིས་མཉམ་སྤྱོད”ཅེས་པའི་ཆེད་དོན་འོས་སྦྱོར་བྱེད་སྒོ་སྤེལ་ནས་ཁེ་ལས་ལ་ཐོན་རྫས་འོས་སྦྱོར་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་བྱེད་མང་དུ་གཏོང་བ། ཁྲོམ་ར་རྒྱ་བསྐྱེད་གཏོང་བ་བཅས་བྱེད་རོགས་བྱས་ནས་ཕྱིར་ཚོང་བྱེད་ཚད་ཏུན་ཁྲི་14ཙམ་ཟིན་པའི་གྲོས་མཐུན་བཞག་ཡོད། འདི་ལོའི་ཟླ་6པར“བོད་ཀྱི་ཆུ་བཟང·འཛམ་གླིང་གིས་མཉམ་སྤྱོད”ཅེས་པའི་ཧྭ་ཀྲུང་ས་ཁུལ་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཧུའུ་པེའི་ཝུའུ་ཧན་དུ་འཚོགས་ནས་ཏུན་ཁྲི་20ཙམ་གྱི་ཕྱིར་ཚོང་གན་རྒྱ་བཞག་པ་དང་དེ་བཞིན་གྲོས་མཐུན་འདུན་པ་གྲུབ་པར་དངུལ་འབོར་སྒོར་དུང་ཕྱུར་1.5ཙམ་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།