དབུ་ཤོག>གསར་འགྱུར།
  • བོད་ལྗོངས་སུ་ཞིང་ལས་བོད་སྐྱོར་གྱི་རྣམ་པ་གསར་པ་ཆགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-24

    ཅང་སུའུ་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན་གྱིས་ལོ་ལྟར་མ་དངུལ་བཏང་སྟེ་ནས་གསོ་འདེབས་དང་། བོད་བྱའི་སྣ་ཁ་སྲུང་སྐྱོང་། གཟན་རྩྭའི་རྟེན་གཞི་བསྐྲུན་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་ཤིང་། ཨན་ཧུའེ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”བོད་སྐྱོར་ཞིང་འབྲོག་རྣམ་གྲངས་མ་དངུལ་གྱི་སྤྱིའི་རོགས་སྐྱོར་མ་དངུལ་གྱི་གསུམ་ཆ་གཅིག་བཟུང་ཡོད་པ་དང་ཧྲང་ཧའེ་གྲོང་ཁྱེར་གྱིས་ཉོ་སྒྲུབ་ཚོང་པ་དང་ཚོང་གཉེར་ཚོང་པ་སྒྲིག་འཛུགས་བྱས་ཏེ་བོད་དུ་བཏང་ནས་ལོ་ལྟར་སྒོར་དུང་ཕྱུར་ཉེ་བའི་མངགས་ཉོའི་གན་རྒྱ་བཞག་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཞིང་ལས་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་ནས་གོང་འོག་མཉམ་འགུལ་དང་མཉམ་དུ་སྐུལ་འདེད་གཏོང་བའི་ཞིང་ལས་བོད་སྐྱོར་གྱི་རྣམ་པ་གསར་པ་ཆགས་ཡོད།

    ལོ་ལྔའི་རིང་རྒྱལ་ཡོངས་ཞིང་ལས་ཁོངས་གཏོགས་ཀྱིས་བོད་ལ་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱས་ཤིང་། ཞིང་ལས་པུས་དེ་བས་ཐད་ཀ་དང་། དེ་བས་ནུས་ལྡན། དེ་བས་ཕན་འབྲས་ཐོན་པ་བཅས་ཀྱི་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད། རིམ་བརྩིས་ལྟར་ན། རིགས་ཁག་གི་ཞིང་དར་ཞིང་ཕན་གྱི་མ་དངུལ་སྒོར་དུང་ཕྱུར་149བཏང་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ་5.4ཡིན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་6.72བཏང་བར་བརྟེན་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་མ་ཟད། དམངས་འཚོ་ལེགས་སུ་ཕྱིན་ཡོད།

    ཞིང་ལས་པུའུ་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་དུས་ཐུང་དང་དུས་འབྲིང་གི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་ཀྱི་མི་147དང་། འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་དྲུག་གི་མི་71བཏང་ཞིང་། ཁོང་ཚོས་དཀའ་ངལ་ཁྱད་བསད་དང་ཐབས་དང་ཇུས་བཏོན་པར་བརྟེན་ད་ཆ་བོད་ཀྱི་ཞིང་འབྲོག་ཁོངས་གཏོགས་ཀྱི་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད། དེ་དང་ཆབས་ཅིག“དུས་ཐུང་གསོ་སྦྱོང་དང་གནས་སྦྱར་སྦྱོང་བརྡར་དང་གདན་དྲངས་རྒྱུ་དང་ཕྱིར་བསྐྱོད་རྒྱུ”ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་ཅིང་། ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་ཞིང་ལས་ཁོངས་གཏོགས་ཀྱིས་རང་ལྗོངས་ལ་ཞིང་འབྲོག་ཆེད་ལས་ལག་རྩལ་མི་སྣ་2000ཙམ་དང་། ཞིང་འབྲོག་པ་དང་ཞིང་ལས་ལག་རྩལ་མི་སྣ་ཁྲི་5ལྷག་ཙམ་གསོ་སྦྱོང་བྱས་པ་དང་འབྲེལ་རང་ལྗོངས་ལ“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིགས་ཁག་གི་ཞིང་འབྲོག་ལས་འཕེལ་རྒྱས་འཆར་འགོད་རྩོམ་བཟོ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཡོངས་ཀྱི་ཞིང་ལས་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་གལ་ཆེའི་བྱེད་ཐབས་སུ་བརྩིས་ནས་འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུ་དང་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་གཙོ་བོར་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་། རྨང་གཞི་བརྟན་གཏོང་། ཐོན་ལས་དར་བ། མ་ལག་སྟོབས་ཆེ། འབབ་འཕར་ལ་སྐུལ་འདེད། མ་ལག་ཐོན་ཁུངས་བསྡུ་སྒྲིལ། མ་དངུལ་གཏོང་ཚད་མང་དུ་གཏོང་བ། ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན། ས་མཐོའི་ཁྱད་ལྡན་གྱི་དེང་རབས་ཞིང་འབྲོག་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བཅས་བྱས་ཏེ་བོད་ཀྱིས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་དང་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།