དབུ་ཤོག>གསར་འགྱུར།
  • ཡར་ཀླུང་གཙང་འགྲམ་དུ་བརྩེ་བས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-21

    ལྟ་ན་སྡུག་པའི་ཡར་ཀླུང་གཙང་འགྲམ་དུ་ནད་བཅོས་སྲོག་སྐྱོབ་བྱེད་མཁན་གོས་དཀར་ལྷ་རྗེ་ཁྱུ་གཅིག་ཡོད་པ་དང་། ཁོ་ཚོས་ལ་དུག་ཁྱད་དུ་བསད་དེ་རི་ཆུ་མང་པོ་བརྒལ་ནས་གངས་ལྗོངས་ས་མཐོར་ཡོང་བ་རེད། ཁོ་ཚོའི་གཟེངས་སུ་ཐོན་པའི་སྨན་བཅོས་ལག་རྩལ་དང་ཁྱད་དུ་འཕགས་པའི་སྨན་པའི་ཀུན་སྤྱོད་ལ་བརྟེན་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ནད་ཀྱི་སྡུག་བསྔལ་སེལ་བ་དང་བདེ་ཐང་ཡོང་བ་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་རེད།

    ཁོ་ཚོ་ནི་ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ལས་དོན་རུ་ཁག་རེད།

    2015ལོའི་ཟླ་8པ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྒེར་སེམས་མེད་པའི་རོགས་རམ་ལ་བརྟེན་ནས་སྨན་བཅོས་ཀྱི་ལག་རྩལ་དང་སྨན་པའི་ཀུན་སྤྱོད་མངོན་གསལ་དོད་པོས་ཇེ་ལེགས་སུ་བཏང་བས་སྨན་པ་བསྟེན་པར་ཡོང་མཁན་ནད་པ་ཡང་ཇེ་མང་དུ་གྱུར། ལོ་ཧྲིལ་པོར་སྨན་ཁང་ལ་སྡོད་མཁན་ནད་པ་ལོ་གོང་མ་ལས་མི་སྟོང་ཕྲག་ལྷག་ཇེ་མང་དུ་སོང་བ་དང་ལོར་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་11ལས་བརྒལ་ཡོད།

    བྱེད་སྟངས་གསར་པ་ལས་གསོན་ཤུགས་འཕེལ།

    2015ལོའི་ཟླ་8ཚེས་21ཉིན་ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་ཁག་དང་པོ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཅའ་སྡོད་བྱས།

    “ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་བྱེད་འགོ་ཚུགས་པ་ནས་བཟུང་ང་ཚོས་ཞིང་ཆེན་གཞུང་བཙུགས་སྨན་ཁང་དང་ཨན་ཧུའེ་གསོ་རིག་ཚན་རྩལ་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་པོ་དང་དེ་བཞིན་གྲོང་ཁྱེར་ཁག་གིས་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་300ལྷག་མངགས་ཏེ་ལྷོ་ཁར་རོགས་སྐྱོར་བྱས་ཡོད”ཅེས་ཨན་ཧུའེ་ཞིང་ཆེན་གྱི་ཁག་ལྔ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་འཁྲིད་མཁན་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་མིང་གིས་བརྗོད། ཤེས་ལྡན་པ་འདེམས་སྒྲུག་བྱེད་སྐབས། ང་ཚོས་སྨན་དོན་མི་སྣའི་གོ་མིང་དང་ཉམས་མྱོང་དེ་བཞིན་ཞིབ་ཕྲའི་དགོས་མཁོ་བཅས་ལ་བསམ་གཞིག་གང་ལེགས་བྱས་ཁར་རང་མོས་མིང་འགོད་ལ་བརྟེན་ནས་རིགས་གཅིག་མཁས་ཅན་རིམ་པའི་ཧྲག་དམག་ལྟ་བུ་ཁག་གཅིག་ལྷོ་ཁར་གཏོང་རྒྱུ་ཡིན། སླད་ཕྱིན་ལོ་ལྟར་ཨན་ཧུའེ་ཞིང་ཆེན་གྱིས་སྨན་པ་30ལས་མི་ཉུང་བ་མངགས་རྒྱུ་ཡིན”ཞེས་ཀྲང་མིང་གིས་ངོ་སྤྲོད་བྱས་བྱུང་།

    འདུ་ཤེས་གསར་པ་ལས་འགྱུར་ལྡོག་གསར་པ་བྱུང་།

    ཨན་ཧུའེ་ཞིང་ཆེན་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ལས་དོན་རུ་ཁག་ལྷོ་ཁའི་སྨན་ཁང་ཁག་ལ་བཅའ་སྡོད་བྱས་རྗེས་རིགས་གཅིག་མཁས་ཅན་རྣམས་ཀྱིས་ལ་དུག་ལ་མ་འཛེམས་པར་ལམ་སེང་བྲེལ་ཟིང་གི་ལས་ཀའི་ནང་ཞུགས་པ་རེད།

    “ང་ཚོའི་དམིགས་ཡུལ་ནི་ནམ་ཡང་ཕྱིར་མི་ལོག་པའི་དཔུང་ཁག་ཅིག་ཡོད་པར་བྱ་རྒྱུ་དེ་ཡིན་ལ་སྨན་བཅོས་ཀྱི་ཤེས་བྱ་དང་ལག་རྩལ་གྱི་ཐད་ནས་ལྷོ་ཁར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་དེ་བས་ཀྱང་གལ་ཆེ་བ་ནི་ལྷོ་ཁའི་རིམ་ཁག་སྨན་ཁང་གི་ནང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དཔེར་ན་སྨན་ཁང་གི་དོ་དམ་དང་། རིག་ཚན་འཛུགས་སྐྱོང་། ཤེས་ལྡན་པ་གསོ་སྦྱོང་བཅས་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་བོད་སྐྱོར་གྱི་གཞི་རྩའི་ལས་འགན་ཁག་གསུམ་ཡིན།”ཞེས་ཨན་ཧུའེ་ཞིང་ཆེན་ཚོགས་སྒྲིག་རྣམ་པའི་སྨན་ཁང་བོད་སྐྱོར་གྱི་སྣེ་ཁྲིད་པ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲངགཞོན་པ་ཡུས་ཏེ་ཚའེ་ཡིས་བརྗོད།

    ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྨན་ཁང་གི་ཤེས་ལྡན་པ་དཀོན་པའི་གནས་ཚུལ་ལ་གཞིགས་ཏེ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ཚོགས་པས་རིམ་ཁག་སྨན་ཁང་གི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། ཡུལ་དུས་ལ་བསྟུན་པ། “གཅིག་ལ་གཅིག་རོགས་དང་གཅིག་ལ་མང་པོས་མཉམ་རོགས”“དགེ་རྒན་གྱིས་དགེ་ཕྲུག་ལ་ཁྲིད་པ”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྐང་འཛིན་མི་སྣར་ལས་ཐོག་གསོ་སྐྱོང་བྱས་པ་དང་སྦྲགས་ལྷོ་ཁ་ས་ཁུལ་གྱི་སྨན་བཅོས་མི་སྣ་ཨན་ཧུའེ་རུ་མངགས་ནས་གསོ་སྦྱོང་བྱས་པ་དང་། ‘གཉིས་མོས་གསོ་སྦྱོང’བརྒྱུད་ནས་ལྷོ་ཁའི་སྨན་བཅོས་ཆུ་ཚད་སྤྱིའི་ཆར་ལེགས་སུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།

    གོ་སྐབས་གསར་པ་ལས་སྤྱོད་ཚུལ་གསར་པ་བྱུང་།

    བོད་སྐྱོར་གྱི་རིགས་གཅིག་མཁས་ཅན་གྱི་ལག་རྩལ་ལེགས་ཆ་སྔར་བས་ཡག་པ་འདོན་སྤེལ་བྱས་ནས་རྒྱ་ཆེའི་ནད་པར་སྨན་བཅོས་ཀྱི་གོ་སྐབས་སྔར་བས་ཡག་པ་དང་མང་པོ་ཐོབ་པར་བྱ་ཆེད། རིགས་གཅིག་མཁས་ཅན་ཚོས་བརྟག་བཅོས་བྱེད་རིམ་བཞིན་ནད་པ་མང་ཙམ་ལ་བལྟ་གང་ཐུབ་བྱས་པས་ལས་དུས་འཐིམས་དུས་ཀྱང་ལས་མཚམས་ཆད་ཀྱི་མེད། སྒོ་བསྟེན་སྨན་བཅོས་བྱེད་རིང་ཁོ་ཚོས་རོགས་སྐྱོར་དང་ལེན་བྱེད་མཁན་ཁའོ་ཧྲིའི་སྨན་པའི་སྣེ་ཁྲིད་ནས་མཉམ་དུ་བརྟག་བཅོས་བྱེད་པ་དང་། གཟབ་ནན་དང་ཞིབ་ཚགས་ངང་ནད་པ་ཀུན་ལ་ལྟ་ཡི་ཡོད་ཁར་བཅོས་དཀའ་བའི་ནད་ལ་འགྲེལ་བཤད་ཞིབ་ཕྲ་ཡང་རྒྱག་གི་ཡོད་པ་རེད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་ཁྱད་དུ་འཕགས་པའི་སྨན་པའི་ཀུན་སྤྱོད་དང་། གཟབ་ནན་གྱི་སྤྱོད་ཚུལ། ནང་བྱན་ཆུད་པའི་སྨན་བཅོས་ལག་རྩལ་བཅས་ལ་ནད་པ་དང་སྨན་དོན་མི་སྣའི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

    “རིགས་གཅིག་མཁས་ཅན་རྣམས་ཀྱིས་ཧ་ལམ་ངལ་གསོའི་དུས་ཚོད་དོར་ནས་རྩེ་གཅིག་ངང་རོགས་སྐྱོར་ལས་ཀར་གཞོལ་བས་སྨན་ཁང་ལ་ངར་ཤུགས་གསར་པ་བྱུང་ཡོད། སྨན་དོན་མི་སྣ་ཡོངས་ཀྱིས་ཀྱང་ད་རེས་ཀྱི་ཐོབ་པར་དཀའ་བའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་རིགས་གཅིག་མཁས་ཅན་རྣམས་བཤེས་གཉེན་ལ་བརྩིས་ནས་སློབ་སྦྱོང་གི་གོ་སྐབས་དམ་འཛིན་གྱིས་སྔོན་ཐོན་ཉམས་མྱོང་དང་། ཁྱད་འཕགས་ཀྱི་སྨན་བཅོས་ལག་རྩལ། གཟེངས་སུ་ཐོན་པའི་སྨན་པའི་ཀུན་སྤྱོད་བཅས་སྦྱོང་གི་ཡོད”ཅེས་ལྷོ་བྲག་རྫོང་མི་དམངས་སྨན་ཁང་གི་འགན་འཁུར་བས་བརྗོད།

    “ང་ཚོས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་ལས་དོན་དེ་གོ་སྐབས་ཡག་པོར་བརྩིས་ནས་ས་ཁུལ་མི་དམངས་སྨན་ཁང་ལ་རིམ་གསུམ་ཀ་པ་གཏོད་རོགས་བྱས་པ་དང་། ས་ཁུལ་རང་གི་སྨན་བཅོས་ཤེས་ལྡན་པའི་རྐང་འཛིན་གསོ་སྐྱོང་བྱས་ཏེ‘གཞན་བརྟེན’ནས‘རང་བརྟེན’དུ་བསྒྱུར་བའི་བོད་སྐྱོར་བྱེད་ཐབས་གྱི་འགྱུར་ལྡོག་རིམ་གྱིས་ཡོང་བར་བྱས་ཤིང་། བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་སེམས་མཐུན་ཟམ་པ་ཞིག་བསྐྲུན་ཡོད”ཅེས་ཀྲང་མིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།