དབུ་ཤོག>གསར་འགྱུར།
  • “རྒྱུན་སྡོད་ཀྱི”སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-21

    འདི་ལོ་འཚོགས་པའི་བོད་ཀྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་ཚོགས་འདུའི་ཐོག་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་གིས་བོད་ཀྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་ལས་དོན་དེར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་ལུགས་བཤད་པ་རེད།

    ཉེ་ཆར་གསར་འགོད་པས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་ཀའི་འབྲེལ་ཡོད་ལས་དོན་ཐད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཝང་ཡུན་ཐིང་ལ་བཅར་འདྲི་ཞུས་པ་རེད།

    “ད་ཆ་བོད་ཀྱི་མི་སེར་གྱིས་ནད་ཚབས་ཆེན་བལྟ་བར་ལེ་དབར་སྟོང་གི་ཐག་རིང་ནང་སར་འགྲོ་མི་དགོས་པར་ལྗོངས་ནང་ཁུལ་གྱི་སྨན་ཁང་དུ་སྨན་བཅོས་ཡག་པོ་ཐུབ་ཀྱི་ཡོད”ཅེས་བཅར་འདྲི་བྱེད་རིང་ཝང་ཡུན་ཐིང་གིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།

    2015ལོའི་ཟླ་8པར་རྒྱལ་ཡོངས་ས་ཆ་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་སྨན་ཁང་རྩ་འཛུགས་ཀྱིས་བོད་སྐྱོར་སྨན་བཅོས་རུ་ཁག་བཙུགས་པ་དང་ནང་སའི་སྨན་ཁང་94ནས་སྨན་པ་143བོད་དུ་ཡོང་སྟེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལྗོངས་ནང་ཁུལ་དུ་སྨན་བཅོས་དེ་བས་ཡག་པ་བྱེད་ཐུབ་ཀྱི་ཡོད།

    ཝང་ཡུན་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་དུ་མ་གཞི་རྒྱུན་མཐོང་ནད་རིགས་སྨན་བཅོས་བྱེད་ཐབས་ནང་ས་དང་ཧེ་བག་ཆེན་པོ་མེད་མོད། འོན་ཀྱང་བཅོས་དཀའ་བའི་ནད་རིགས་སྨན་བཅོས་བྱ་རྒྱུ་ནང་ས་དང་བསྡུར་ན་ཧེ་བག་ཆེ་ཙམ་ཡོད་ལ་བོད་ཀྱི་སྨན་བཅོས་རུ་ཁག་དང་ལག་རྩལ་ཆུ་ཚད་གོང་མཐོར་གཏོང་སའི་བར་མཐོངས་ཆེན་པོ་ཡོད་པ་རེད།

    “བོད་ཀྱི་སྨན་ཁང་གཞི་ཁྱོན་ཆུང་བ་དང་སྨན་བཅོས་ཤེས་ལྡན་པ་དཀོན་པ་སོགས་ཀྱི་གནད་དོན་གྱིས་སྨན་བཅོས་རུ་ཁག་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་པོ་མེད་པ་དང་ལྷག་པར་དུ་སྤྱི་པའི་འཕྲོད་བསྟེན་ཐད་ཤེས་ལྡན་པ་ཧ་ཅང་དཀོན་པོ་ཡོད”ཅེས་བཤད་པ་དང་ཝང་ཡུན་ཐིང་གིས“དེས་ན་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་གནད་དོན་དེ་རིགས་ཐག་གཅོད་ཡག་པོ་ཐུབ་རྒྱུ་རེད”ཅེས་བཤད།

    སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་དམིགས་ཡུལ་ནི“གནས་ཐུབ་པ”དང་ཆུ་ཚད་མཐོ་བའི་ས་ཆ་དེ་གའི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པ་དང“ཆ་སྒྲིག”དང“གཅིག་གིས་མང་པོར”རོགས་སྐྱོར་བྱེད་པའི་ལམ་སྲོལ་བཙུགས་ཏེ་གསོ་སྐྱོང་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ལས་སྒོའི་རྐང་འཛིན་པས་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་དང་དོ་དམ་ཤེས་ལྡན་པའི་དབར་ཆ་སྒྲིག་བྱས་ནས་དཔུང་ཁག་གིས་དཔུང་ཁག་ཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་བརྒྱུད་རིམ་ཧྲིལ་པོར་མཉམ་དུ་སྦྱོང་བ་དང་ལག་རྩལ་དང་ཤེས་ལྡན་པ་ཚང་མ་བོད་དུ་གནས་ཐུབ་པ་བྱ་ཆེད་ཡིན་ཞིང་། མིག་སྔའི་བར་ས་ཆ་དེ་གར་སྨན་དོན་མི་སྣ་292གསོ་སྐྱོང་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱིས“1+7”(བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་+ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྨན་ཁང)སྨན་ཁང་གི་ནུས་པའི་ངེས་གནས་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྗོངས་ཡོངས་ཀྱི་སྨན་བཅོས་ལྟེ་གནས་སུ་བརྩིས་ཏེ་སྨན་བཅོས་དཀའ་བ་དང་། ཉེན་ཁ་ཆེ་བ། ཚབས་ཆེན་བཅས་ཀྱི་ནད་རིགས་སྨན་བཅོས་བྱེད་ནུས་ཆེ་རུ་བཏང་ཐོག“ནད་ཆེན་བོད་དུ་སྨན་བཅོས”ཐུབ་པ་བྱ་རྒྱུ་རེད། དུས་མཚུངས་ཆབ་མདོ་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་གྲོང་ཁྱེར་བཅས་དང་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་ལྗོངས་ཡོངས་ཀྱི་སྨན་བཅོས་ལྟེ་གནས་གཉིས་པར་བརྩིས་ནས་ས་ཆ་དེ་གའི་སྨན་ཁང་གིས་ཡུལ་དེ་གའི་ནད་ཡམས་ཟིན་ཐོ་དང་རང་སོ་སོའི་ལེགས་ཆར་གཞིགས་ནས“ནད་འབྲིང་གྲོང་ཁྱེར་དུ་སྨན་བཅོས་ཐུབ་པའི”དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད། གཞན་ཡང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་རང་བྱུང་ཆ་རྐྱེན་དང་སྨན་ཁང་གི་ད་ལྟའི་གནས་བབ་ལ་གཞིགས་ནས་མིག་སྔའི་རོགས་སྐྱོར་དཔེ་དབྱིབས་མུ་མཐུད་སྤྱད་དེ“གཞན་རྟེན་རྣམ་པ”གཙོ་བོར་བྱས་ནས་མྱུར་སྐྱོབ་སྨན་བཅོས་བྱེད་ནུས་ཆེ་རུ་གཏོང་གི་ཡོད་པ་རེད།

    “ང་ཚོའི་མཐར་གཏུགས་ཀྱི་དམིགས་ཡུལ་ནི་ཉུང་གཏོང་གཉིས་དང་མང་གཏོང་གཅིག(སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་དང་བྱིས་པ་ཤི་ཚད་ཉུང་དུ་གཏོང་བ་དང་ནད་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་མང་དུ་གཏོང་བ)དང་། སྨན་བཅོས་ཐུབ་པ་གསུམ(ནད་ཆེན་བོད་དུ་སྨན་བཅོས་ཐུབ་པ་དང་། ནད་འབྲིང་གྲོང་ཁྱེར་དུ་སྨན་བཅོས་ཐུབ་པ། ནད་ཆུང་རྫོང་དུ་སྨན་བཅོས་ཐུབ་པ)ཡོངས་ཁྱབ་བཞི(དམངས་ཡོངས་ཀྱི་གཟུགས་གཞི་བརྟག་དཔྱད་བྱ་རྒྱུ་ཡོངས་ཁྱབ་དང་། ནད་ཕོག་ཚེ་སྨན་བཅོས་ཐུབ་རྒྱུ་ཡོངས་ཁྱབ། སྦྲུམ་མ་ནད་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་རྒྱུ་ཡོངས་ཁྱབ། སྨན་རིན་མི་དགོས་པའི་སྨན་བཅོས་བྱ་རྒྱུ་ཡོངས་ཁྱབ)བཅས་མངོན་འགྱུར་ཐུབ་པ་བྱས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་འདི་ཉིད་ནུབ་རྒྱུད་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ས་ཁུལ་དང་གྲོང་ཁྱེར་དྲུག་གི་སྨན་ཁང་གིས་ལོ་གསུམ་བཞིའི་ནང་ཀ་པ་རིམ་པ་གསུམ་པ་གཏོད་རྒྱུའི་བརྩོན་ལེན་བྱེད་པ། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ཁ་པ་རིམ་པ་གསུམ་པའི་སྨན་ཁང་དུ་འགྱུར་རྒྱུའི་བརྩོན་ལེན་བཅས་བྱས་ནས་2020ལོར་སླེབས་སྐབས་བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་70བར་ཟིན་པའི་བརྩོན་ལེན་བྱ་ཆེད་ཡིན”ཞེས་ཝང་ཡུན་ཐིང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།