ཤིན་ཧྭ་གསར་འགྱུར་ཁང་དུ་ནེ་རོ་པི་ནས་ཟླ་7ཚེས་13ཉིན་ཆེད་དོན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་ཨ་ཧྥེ་རི་ཁ་གླིང་གི་དངུལ་ཁང་ཆེ་ཤོས་ཏེ་ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་དངུལ་སྨར་རང་མོས་དངུལ་བརྗེས་ཀྱི་ལས་སྒོ་གཉེར་བའི་མཛད་སྒོ་འཚོགས་ཡོད། དངུལ་ཁང་དེ་ཉིད་ཁེན་ནི་ཡའི་མི་དམངས་ཤོག་སྒོར་གྱི་དངུལ་སྨར་རང་མོས་དངུལ་བརྗེས་ཀྱི་ལས་སྒོ་གཉེར་བའི་དངུལ་ཁང་ཐོག་མ་དེར་གྱུར་ཡོད་པ་རེད།
ཨ་ཧྥེ་རི་ཁ་གླིང་གི་དངུལ་ཁང་ཆེ་ཤོས་ཡིན་པའི་ཚད་ལྡན་དངུལ་ཁང་དེའི་སྤྱི་ཁྱབ་པུའུ་ལྷོ་ཨ་ཧྥེ་རི་ཁར་གནས་ཡོད། 2008ལོའི་ལོ་མཇུག་ཏུ་ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་གི་རྐང་དབང་20%ཉོ་སྒྲུབ་བྱས་པས་རྐང་བདག་དང་པོར་གྱུར་ཡོད་པ་རེད།