ཟླ་7ཚེས་14ཉིན་ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་དྲུག་པ་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་85514ཟིན་ཏེ་དུས་མཚུངས་ལས་7.1%འཕར་བའི་ནང་། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་37164ཟིན་ཏེ་དུས་མཚུངས་ལས་3.3%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་རིམ་པ་དེ་གའི་ཡོང་འབབ་སྒོར་དུང་ཕྱུར་48350ཟིན་ནས་དུས་མཚུངས་ལས་10.1%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནང་ཁྲལ་འབབ་སྒོར་དུང་ཕྱུར་72236ཟིན་ཏེ་དུས་མཚུངས་ལས་8.6%འཕར་ཡོད།
འདི་ལོ་ནས་བཟུང་། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ནོར་སྲིད་མ་དངུལ་དུས་ཐོག་ཏུ་སྤྲད་ནས་དམངས་འཚོ་སོགས་གཙོ་གནད་གཏོང་སྒོའི་དགོས་མཁོ་འགན་ལེན་བྱས་ཡོད། ཟླ་དང་པོ་ནས་དྲུག་པ་བར་བསྡོམས་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་89165ཟིན་ཏེ་དུས་མཚུངས་ལས་15.1%འཕར་ཡོད། གཏོང་སྒོ་གཙོ་བོའི་རྣམ་གྲངས་ཀྱི་གནས་ཚུལ་ནས་བལྟས་ཚེ། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་13098ཟིན་ཏེ་16.7%འཕར་བ་དང་། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་2367ཟིན་ཏེ་11.7%འཕར་བ། རིག་གནས་ལུས་རྩལ་དང་མཚམས་སྦྱོར་གྱི་གཏོང་སྒོ་སྒོར་དུང་ཕྱུར་1154ཟིན་ཏེ་དུས་མཚུངས་ལས་11.2%འཕར་བ། སྤྱི་ཚོགས་འགན་ལེན་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་11995ཟིན་ཏེ་དུས་མཚུངས་ལས་15%འཕར་བ། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་དུང་ཕྱུར་7178ཟིན་ཏེ་23.7%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་9900ཟིན་ཏེ་དུས་མཚུངས་ལས་34.5%འཕར་བ་བཅས་རེད།