དབུ་ཤོག>གསར་འགྱུར།
  • ​ ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཝང་གཡོད་ཅན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧན་ཅུན་ཅེ།   |     སྤེལ་དུས།  2016-07-18

    302479_yis_1468731927626.jpg

    འདི་ནི་ཝང་གཡོད་ཅན(གཡས)གྱིས་རྒན་གསོ་ཁང་དུ་མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་བྱེད་པའི་གནས་ཚུལ་ཡིན་པ།

    “སོ་སོ་རང་ཉིད་ནག་ཆུ་བར་བརྩིས་ཚེ་གཞི་ནས་ནག་ཆུའི་བྱ་བ་ཡག་པོ་སྒྲུབ་ཐུབ་པ་དང་བོད་སྐྱོར་ལས་ཀའི་འགན་འཁྲི་གཙང་སྒྲུབ་ཐུབ”ཅེས་ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་བོད་ལྗོངས་ནག་ཆུ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝང་གཡོད་ཅན་གྱིས་རྟག་ཏུ་དེ་ལྟར་ཤོད་ཀྱི་ཡོད་ལ་དེ་ལྟར་ཡང་སྒྲུབ་ཀྱི་ཡོད།

    ལོ་གསུམ་ནང་ཁོང་གིས་ཧུར་བརྩོན་ཆེ་ལ་རང་འགུལ་ངང་ནག་ཆུར་ལས་དོན་སྤེལ་ཏེ་ནག་ཆུའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱེད་པ་དང་ཧང་མཚོའི་མཛེས་ལྗོངས་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་པས་བོད་བྱང་ཐང་ས་མཐོར་རིག་གནས་ཀྱི་མིང་ཤོག་ཅིག་བྱུང་ཡོད། ཁོང་དང་ས་ཆ་དེ་གའི་ལས་བྱེད་པའི་དབར་མཉམ་ལས་བྱས་ནས་ཁོང་ཚོའི་གཞུང་དོན་སྒྲུབ་པའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་དངོས་ཡོད་དཀའ་ངལ་སེལ་རོགས་བྱས་པ་རེད།

    ཐོན་ཁུངས་བེད་སྤྱོད་བྱས་ཏེ་ནག་ཆུའི་ཡུལ་སྐོར་གྱི་མིང་ཤོག་བཏོད་པ།

    སྔ་ཕྱི་བར་གསུམ་དུ་ནག་ཆུའི་ཡུལ་སྐོར་སྐོར་གླེང་སྐབས་མི་ཚོས་དེ་གར་མུ་མཐའ་མེད་པའི་བྱང་ཐང་དང་མུ་འབྲེལ་ངང་ཆགས་པའི་གངས་རི་ཙམ་ལས་མི་ཚོར་བག་ཆགས་གཏིང་ཟབ་འཇོག་པའི་མཛེས་ལྗོངས་གང་ཡང་མེད་ལ་ཡུལ་སྐོར་སྒྲིག་བཀོད་ཀྱང་ཧ་ཅང་རྗེས་ལུས་ཐེབས་ཡོད་ཅེས་ཤོད་ཀྱི་ཡོད། ཡུལ་སྐོར་འཕེལ་རྒྱས་ཀྱི་འཇུར་མིག་སེལ་ཆེད་ཝང་གཡོད་ཅན་དང་བོད་སྐྱོར་ལས་བྱེད་པ་གཞན་དག་གིས་ནག་ཆུ་རྫོང་ནང་ཁུལ་གྱི་མཚོ་བོད་གཞུང་ལམ་རྒྱུད་དུ་རྩད་ཞིབ་ཐེངས་མང་བྱས་པ་དང་འབྲེལ་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་མཉམ་དུ་དབྱེ་ཞིབ་བྱས་ཡོད། ལྷོ་མ་གྲོང་རྡལ་དུ་གནས་པའི“ཧང་མཚོ”--ཧང་ཀྲོའུ་ལ་གཞིགས་ནས་མིང་བཏགས་པའི་ས་མཐོའི་མཚེའུ་དེ་ཝང་གཡོད་ཅན་གྱི་མིག་ལམ་དུ་འཆར།

    ནག་ཆུ་དང་ས་འབྲེལ་ཡིན་པའི་བོད་ལྗོངས་མངའ་རིས་སུ་ལྗོངས་ཡོངས་ཀྱི་རྒྱལ་སྤྱིའི་མཚན་གུང་སྤྱི་གླིང་དང་པོ་དེ་བསྐྲུན་པས“མངའ་རིས་སུའང་དེ་ལྟར་བསྐྲུན་ཐུབ་ཚེ་ནག་ཆུར་དེ་བས་བསྐྲུན་ཐུབ”ཅེས་ཤོད་བཞིན་ཝང་གཡོད་ཅན་གྱིས་ཧང་མཚོའི་མཛེས་ལྗོངས་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུའི་སེམས་ཐག་བཅད་པ་དང་འབྲེལ་རྒྱལ་སྤྱིའི་མཚན་གུང་སྤྱི་གླིང་དང་ས་མཐོའི་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་བའི་སྒར་སའི་ཐ་སྙད་གཞིར་བཟུང་དུས་ཐེངས་དང་པོའི་ལས་གྲྭར་མ་དངུལ་བསྡོམས་སྒོར་ཁྲི་550བཏང་བ་དང་བསྐྲུན་རྗེས་ཧང་མཚོ་མཛེས་ལྗོངས་ཁུལ་འདི་ཉིད་རྒྱལ་ལམ་109ལམ་ཐིག་ཐོག་གི་སོས་དལ་དང་། ཞག་སྡོད། ཐེ་ཞུགས། ལྟ་སྐོར་བཅས་གཞི་གཅིག་ཏུ་བསྡུས་པའི་ཡུལ་སྐོར་རིག་གནས་ཀྱི་མིང་ཤོག་ཅིག་ཏུ་འགྱུར་རྒྱུ་རེད།

    ནག་ཆུ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་ལོ་ལྟར་གྱི་འཛུགས་སྐྲུན་ལས་ཡུན་ཟླ་བ་5ལྷག་ཙམ་ལས་མེད། མྱུར་ཚད་མགྱོགས་སུ་གཏོང་ཆེད་ཝང་གཡོད་ཅན་གྱིས་ལས་ཡུལ་དུ་ཐེངས་30ལྷག་ཙམ་བསྐྱོད་པ་དང་དགོང་མོ་ད་དུང་དཔྱད་གཞིར་བལྟ་བ་དང་ཇུས་གཞི་བཟོ་བཅོས་རྒྱག་དགོས་ཀྱི་ཡོད། “ན་ནིང་དུས་ཚོད་དམ་འཛིན་བྱས་མེད་ཚེ་འདི་ལོ་བར་ལས་དུས་སྣུར་སྲིང་བྱེད་དགོས་རྒྱུ་རེད། དེས་ན་འདི་ལོའི་བོད་སྐྱོར་ལས་དུས་ཐིམ་སྐབས་རྣམ་གྲངས་ཀྱང་ལེགས་གྲུབ་ཡག་པོ་ཐུབ་མི་སྲིད”ན་ནིང་ཟླ་10པར་དུས་ཚོད་དང་མྱུར་ཚད་འགྲན་པ་ལྟར་གྱི་ཛ་དྲག་གི་འདུ་ཤེས་བཅངས་བཞིན་དུ་ཝང་གཡོད་ཅན་གྱིས་ཨར་རྒྱག་རུ་ཁག་ལ་ལྕག་སྐུལ་ཡང་ཡང་བྱས་མཐར་ཟླ་3ལྷག་ཙམ་ནང་གཙོ་གཟུགས་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་ཟིན་ཡོད། ད་ཆ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཞིག་ནག་ཆུར་སྡོད་ཀྱི་ཡོད་ལ་ལ་ལས་ཆེད་མངགས་ལྷ་ས་ནས“མཚན་གུང་སྤྱི་གླིང”ལ་བལྟ་བར་ཡོང་གི་ཡོད།

    གང་དུ་དཀའ་ངལ་ཡོད་ན། ཁོང་དེར་མཐོང་རྒྱུ་ཡོད།

    དབྱར་རྩྭ་དགུན་འབུ་ནི་ནག་ཆུའི་ཞིང་འབྲོག་པའི་འཚོ་བའི་འབབ་ཁུངས་གཙོ་བོའི་གྲས་ཤིག་ཡིན་ལ། རྙོག་དྲ་ཐོན་མང་བའི་འབྱུང་རྩ་ཡང་ཡིན། ལོ་ལྟར་ཟླ་་ལྔ་པ་དང་དྲུག་པ་ནི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཡིན་ཞིང་། ཝང་གཡོད་ཅན་གྱིས་རྒྱུན་དུ་གྲོང་གསེབ་ཏུ་བསྐྱོད་དེ་ལྟ་སྐུལ་སློབ་སྟོན་བྱས་ཏེ་དབྱར་རྩྭ་དགུན་འབུ་འཐུ་སའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཀྱི་ཡོད། 2013ལོའི་ཟླ་བཅུ་པའི་གེགས་འགོག་དང་གངས་སྐྱོན་གྱི་གནོད་འཚེ་སེལ་སྐབས་ཁོང་ཉིན་བཞི་བསྟུད་མར་གཤམ་འོག་ཏུ་བསྐྱོད་དེ་གནོད་འཚེ་ཚབས་ཆེན་ཕོག་པའི་ནག་ཆུའི་ཤང་གྲོང་དྲུག་གི་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་པའི་ཐོག་ཤང་གྲོང་དེ་དག་གི་གེགས་སེལ་དངུལ་ཐག་གཅོད་བྱས་པ་དང་འབྲེལ་དཀའ་ངལ་ཡོད་པའི་གྲོང་ཚོ་དང་འབྲོག་པར་ཡང་འབྲུ་རིགས་སོགས་མཁོ་ཆས་བསྐྱལ། 2014ལོའི་ཟླ་བརྒྱད་པར་ནག་ཆུར་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་སྐབས། ཝང་གཡོད་ཅན་དང་བོད་སྐྱོར་ལས་བྱེད་པ་ཚོས་མདུན་དུ་ཤོར་ནས་གནོད་འཚེ་ཚབས་ཆེན་ཕོག་པའི་གྲོང་ལྷན་གྱི་གྲོང་མིའི་ཉེན་སེལ་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་བྱས།

    ཁག་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྗེས། ཝང་གཡོད་ཅན་གྱིས་བསྟུད་མར་གཟའ་འཁོར་གཉིས་ནང་ཤང་གྲོང་ལས་བྱེད་པ་དང་གྲོང་ཚོ་ཁག་གི་འཐུས་མི་བསྐོངས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་རྫོང་ཨུད་ཚན་ཁག་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་ཉན་ཞིང་། ནག་ཆུ་རྫོང་སྤྱི་ཚོགས་འགན་སྲུང་ལས་སྒྲུབ་ཚོམས་ཆེན་ལ་དངུལ་མི་འདང་བའི་རྐྱེན་གྱིས་ལས་ཀ་སྤེལ་ཐབས་བྲལ་བ་ཤེས་རྗེས། ཁོང་གིས་ཐབས་བརྒྱ་ཇུས་སྟོང་ངང་མ་དངུལ་སྒོར་ཁྲི་20གྲབས་གསོག་བྱས་པར་བརྟེན་ཟླ་ཁ་ཤས་ལས་མཚམས་བཞག་པའི་ལས་སྒོ་གཉེར་ཐུབ་པ་བྱུང་བ་དང་འབྲེལ་མང་ཚོགས་ལ་སྟབས་བདེ་བྱུང་ཡོད། ཁོང་གིས་ད་དུང་བོད་སྐྱོར་འཆར་གཞི་ཕུད་པའི་མ་དངུལ་སྤྱད་དེ་ཤང་གྲོང་ཁག་གཅིག་གི་གཞུང་ལས་ཁང་དུ་དྲོད་ལེན་སྒྲིག་ཆས་བསྒར་ནས་ཤང་གྲོང་ལས་བྱེད་པའི་གཞུང་དོན་སྒྲུབ་པའི་ཆ་རྐྱེན་ལེགས་སུ་བཏང་བ་རེད།

    ཝང་གཡོད་ཅན་གྱིས་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་བྱེད་ཀྱི་ཡོད་ལ། རང་ཉིད་དང་བོད་སྐྱོར་ལས་བྱེད་པ་གཞན་ཚོར་ཡང་བླང་བྱ་ནན་པོ་འདོན་གྱི་ཡོད། ཀྲེ་ཅང་ཞིང་ཆེན་བོད་སྐྱོར་ལས་ཤག་དུས་རབས་གོང་མར་བརྒྱབ་པ་ཞིག་ཡིན་སྟབས། ད་ཆ་དབྱར་ཁ་ཆར་པ་མི་ཚོགས་པ་དང་དགུན་ཁ་གྲང་རླུང་འགོག་ཐུབ་ཀྱི་མེད། བོད་སྐྱོར་རུ་མི་ཞིག་གིས་ཝང་གཡོད་ཅན་གྱིས་ཤང་གྲོང་དུ་ཉི་འོད་ཁང་པ་བསྐྲུན་པ་མཐོང་སྐབས། བོད་སྐྱོར་གྱི་ལས་ཤག་ཉམས་གསོ་བྱས་པའི་ཞོར་དུ་དྲོད་གཏོང་ཐུབ་པའི་པང་གཅལ་བཏིང་ན་ཞེས་བརྗོད་སྐབས། ཁོང་གིས་ཁས་མ་བླངས་པར“ང་ཚོའི་བོད་སྐྱོར་མ་དངུལ་དེ་ཙམ་མང་པོ་མེད། གོ་ཆོད་སར་སྤྱོད་ཐུབ་པ་བྱས་ཏེ་ས་གནས་ལ་དོན་དངོས་མང་ཙམ་སྒྲུབ་དགོས”ཞེས་བཤད།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས། ནག་ཆུའི་འཕེལ་རྒྱས་ཆེད་དུ་འབད་བརྩོན་བྱེད།

    བོད་དུ་སླེབས་ནས་ཟླ་གཉིས་སོང་བའི་དུས་ཚོད་ནང་ཝང་གཡོད་ཅན་རྫོང་དེ་ཡོངས་ཀྱི་ཤང་གྲོང་12ལ་བསྐྱོད། ཉི་མ་ཤང་ནི་ནག་ཆུ་རྫོང་གི་ཐག་རིང་ལུང་ཁུག་གི་ཤང་གྲོང་གི་གྲས་ཤིག་ཡིན་པ་དང་ལམ་བར་དུ་ས་བབ་མཐོ་ཚད་སྨི་5300ཟིན་པའི་ཆིང་ལ་རྒྱག་དགོས་ཀྱི་ཡོད། ཉི་མ་ཤང་དུ་ཐེངས་དང་པོ་སྐྱོད་སྐབས། རི་རྩེར་སླེབས་ཉེའི་དུས་སུ་རླངས་འཁོར་ལ་སྐྱོན་ཤོར་བ་དང་མཐར་ཡུལ་མི་ཚོའི་རོགས་རམ་འོག་རླངས་འཁོར་རི་རྩེ་བར་འབུད་རྒྱག་བརྒྱབ་ནས་སླེབས་ཙམ་བྱུང་བ་དང་། དེ་ནས་ཁ་ལོ་བས་རླངས་འཁོར་ཟབ་ཟབ་ངང་བཏང་ནས་ཤང་དུ་འབྱོར་བ་ད་ལྟའང་གསལ་པོར་དྲན་གྱི་ཡོད།

    འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ནག་ཆུའི་བོད་སྐྱོར་ལས་བྱེད་པས་ལོ་རེའི་ཟླ་11པ་ནས་ལོ་ཕྱི་མའི་ཟླ་3པའི་བར་འཁོར་ཞག་བསྡད་དེ་ནང་སར་ལོག་ཆོག་མོད། འོན་ཀྱང་ཝང་གཡོད་ཅན་ལོ་ལྟར་གྱི་ཟླ་12པར་ཡང་ད་དུང་ནག་ཆུར་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། ཝང་གཡོད་ཅན་གྱི་ལས་ཀའི་ཟིན་ཐོ་ཁ་ཕྱེ་སྐབས་སྲིད་གཞུང་གི་ཚོགས་འདུ་དང་། གཤམ་སྐྱོད་རྟོག་ཞིབ། དཔལ་འབྱོར་གསར་སྤེལ་བརྟག་ཞིབ་སོགས་ཀྱི་ནང་དོན་ཞིབ་ཚགས་ངང་ཟིན་ཐོ་བཀོད་པ་དེ་དག་མཐོང་དུས་མིག་ཀྱང་འཁྲུལ་དགོས་པ་ཞིག་ཡོད། “ཐོག་མའི་དུས་སུ་ཁོང་ཤང་གྲོང་དུ་གཟའ་འཁོར་རེར་ཐེངས་གསུམ་བཞི་ཙམ་སྐྱོད་ཀྱི་ཡོད་པ་དང་། རྗེས་སུ་གཟའ་འཁོར་རེར་ཉུང་མཐར་ཡང་ཐེངས་གཉིས་སྐྱོད་ཀྱི་ཡོད”ཅེས་ཁོང་དང་གཅིག་པ་ཡིན་པའི་ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པ་ཁྲེན་ཧྥེང་གིས་བཤད་བྱུང་།

    གཅིག་སྡུད་འཁོར་ཞག་དུས་ཚོད་ནང་། ཝང་གཡོད་ཅན་འཁོར་ཞག་བསྡད་རུང་ངལ་གསོ་མ་བརྒྱབ་པར་ས་ཆ་གང་སར་སྐྱོད་ཀྱི་ཡོད། ཁོང་གིས་ཀྲེ་ཅང་གི་ཇུས་འགོད་ཚན་པ་དང་ངོ་འཕྲད་གླེང་མོལ་ཐེངས་མང་བྱས་ཏེ་ནག་ཆུའི་འཛུགས་སྐྲུན་རྣམ་གྲངས་ཐད་བློ་འདྲི་དང་ཇུས་འགོད་སོགས་ཀྱི་ཞབས་འདེགས་ཞུ་རྒྱུར་གདན་དྲངས་པ་མ་ཟད། སྲིད་གཞུང་གི་འབྲེལ་ཡོད་ཚན་པ་དང་། ཁེ་ལས། སྤྱི་ཕན་རང་བཞིན་གྱི་རྩ་འཛུགས་བཅས་སུ་སྐད་ཆ་འདྲི་བར་ཧུར་ཐག་ཕྱིན་ནས་ཁོང་ཚོས་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་བརྩོན་ལེན་བྱས་ཡོད། ནག་ཆུ་རྫོང་གི་ཁག་བདུན་པའི་བོད་སྐྱོར་མ་དངུལ་སྒོར་ཁྲི་8000ཟིན་པ་དང་ཝང་གཡོད་ཅན་དང་བོད་སྐྱོར་ལས་རོགས་ཚོས་འཁོར་ཞག་གི་དུས་ཚོད་སྤྱད་དེ་སླར་ཡང་འཆར་གཞིའི་ནང་མ་ཚུད་པའི་མ་དངུལ་སྒོར་ཁྲི་1000ལྷག་ཙམ་རག་ཐབས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།