ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། ནོར་སྲིད་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། བཟོ་ལས་ཆ་འཕྲིན་ཅན་པུའུ། དམངས་སྲིད་པུའུ་བཅས་མཉམ་དུ་ས་གནས་ཀྱི་ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་གཙང་བཤེར་གྱི་གནས་ཚུལ་ཐད་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།
ཞིབ་བཤེར་ཁྱབ་ཁོངས་ནང་སྲིད་འཛིན་ལས་ཁུངས་དང་། བྱ་གཞག་ཚན་པ། འགན་དབང་ཚབ་འཛིན་གྱི་སྲིད་གཞུང་འགན་ནུས་ཀྱི་སྤྱི་ཚོགས་ཚོགས་པ་བཅས་ཀྱིས་བསྡུས་པའི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་། སྲིད་འཛིན་ཞིབ་བཤེར་ཆོག་མཆན་གྱི་སྔོན་འཇོག་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཆོག་འཐུས་དང་འབྲེལ་བ་དང་དེ་བཞིན་བཙན་སྐུལ་སྒེར་སྡེམ་རང་བཞིན་ལྡན་པའི་ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུ་གཞན་དག ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་སོགས་ཚུད་ཡོད།
ཞིབ་བཤེར་གྱི་གཙོ་གནད་གྲས་སུ། རྒྱལ་ཁབ་ཀྱིས་བཀའ་རྒྱ་བཏང་ནས་མཚམས་འཇོག་དང་། བསྡུ་མཚམས་འཇོག་པ། གྲོན་བསྡུ་རྩ་ཆག་བཅས་དང་དེ་བཞིན་གྲོན་བསྡུའི་ཚད་གཞི་དམའ་རུ་གཏོང་བའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་རྣམ་གྲངས་གཏན་འབེབས་གཞིར་བཟུང་དོན་འཁྱོལ་མ་ཐུབ་པའི་རིགས་དང་། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་རྣམ་གྲངས་འཛུགས་སྐྱོང་ལ་ཞིབ་བཤེར་ཆོག་མཆན་དང་དོ་དམ་བྱེད་པའི་གཏན་འབེབས་ལས་འགལ་ནས་རང་དགར་གྲོན་བསྡུའི་ཐེབས་རྩའི་རྣམ་གྲངས་འཛུགས་པ་དང་། གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་བ། གྲོན་བསྡུའི་ཁྱབ་ཁོངས་ཆེ་རུ་གཏོང་བ་བཅས་ཀྱི་རིགས། ཁྲིམས་བཀོད་ཀྱི་གཞི་འཛིན་ས་མེད་པར་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ནམ་ཡང་ན་མ་འཇོག་ཞིབ་བཤེར་ཆོག་མཆན་སྔོན་ཚུད་ཀྱི་བར་སྦྲེལ་ཞབས་ཞུ་བཙུགས་ནས་གྲོན་བསྡུ་བྱས་རིགས། སྲིད་གཞུང་སྡེ་ཚན་དང་དེ་བཞིན་ཁོངས་གཏོགས་ཚན་པས་ལུགས་དང་མི་མཐུན་པའི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཆོག་འཐུས་ཆ་རྐྱེན་བཟོས་ནས་ཁེ་ལས་ཀྱི་དངུལ་འཇལ་ཁུར་པོ་ལྗི་རུ་གཏོང་རིགས། སྲིད་གཞུང་སྡེ་ཚན་དང་དེ་བཞིན་ཁོངས་གཏོགས་ཚན་པས་སྲིད་འཛིན་ཞིབ་བཤེར་ལ་བརྟེན་ནས་གྲོན་བསྡུ་བྱེད་པའམ་ཡང་ན་ཞིབ་བཤེར་ཚན་པས་དངུལ་སྤྲོད་ཞབས་ཞུ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་རིགས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་ཁེ་ལས་ལ་བཙན་སྐུལ་ངང་ཚོགས་པའི་ནང་ཞུགས་སུ་བཅུག་སྟེ་ཚོགས་དངུལ་བསྡུས་རིགས་དང་བཙན་སྐུལ་ངང་ཚོགས་འདུ་དང་། གསོ་སྦྱོང་། འགྲེམས་སྟོན། དཔྱད་བསྡུར། གཟེངས་བསྟོད་སོགས་ནང་ཞུགས་སུ་བཅུག་ནས་གྲོན་བསྡུ་བྱས་རིགས། ཁེ་ལས་ཀྱིས་བསམ་འཆར་མང་པོ་འདོན་པའི་སྒྲིག་འགལ་གྲོན་བསྡུའི་བྱེད་སྤྱོད་གཞན་དག་སོགས་ཚུད་ཡོད།
ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཟླ་7ཚེས་15ཉིན་ནས་ཟླ་8ཚེས་15ཉིན་བར་རང་བཤེར་རང་བཅོས་དུས་མཚམས་ཡིན་པ་དང་། ཟླ་8ཚེས་16ཉིན་ནས་ཟླ་8ཚེས་31ཉིན་བར་ས་ཆ་དངོས་སུ་ཞིབ་བཤེར་བྱེད་པའི་དུས་མཚམས་ཡིན་པ། ཟླ་9ཚེས་1ཉིན་ནས་ཟླ་9ཚེས་30ཉིན་བར་བཅོས་སྒྲིག་བཅོས་སྐྱོང་གི་དུས་མཚམས་ཡིན་པ་རེད། ཆེད་དོན་ཞིབ་བཤེར་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་ཁྱབ་གདལ་རང་བཞིན་གྱི་གྲོན་དངུལ་ཆག་ཡང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཚམས་འཇོག་བྱས་ཟིན་པའི་གྲོན་བསྡུའི་རྣམ་གྲངས་ལག་ལེན་མི་བསྟར་བ། ཆག་ཡང་བཏང་བའི་གྲོན་བསྡུའི་ཚད་གཞི་དོན་ཐོག་ཏུ་འཁྱོལ་བ་བཅས་ཀྱི་འགན་ལེན་བྱ་རྒྱུ་དང་། གྲོན་དངུལ་གང་བྱུང་བསྡུ་བའི་རིགས་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ཁེ་ལས་ཀྱི་མ་གནས་ཁུར་པོ་ཡང་དུ་གཏོང་རྒྱུ། ངེས་པར་དུ་འཇོག་དགོས་པའི་ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་ཐེབས་རྩའི་རྣམ་གྲངས་ཚན་རིག་དང་མཐུན་པ་དང་། ཚད་དང་མཐུན་པ། ཕྱི་གསལ་ནང་གསལ་བཅས་ཀྱི་དོ་དམ་ལམ་ལུགས་འཛུགས་རྒྱུ། སྲིད་ཇུས་བྱེད་ཐབས་སྔར་བས་ཞིབ་འཇུག་བྱས་ནས་བཏོན་ཏེ་ལྟ་སྐུལ་དོ་དམ་ལམ་སྲོལ་གང་མགྱོགས་འཛུགས་རྒྱུ་བཅས་རེད།