དབུ་ཤོག>གསར་འགྱུར།
  • ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-18

    ལེའོ་ཉིང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལེགས་ཆ་གཅིག་སྡུད་ཀྱིས་གཙོ་གནད་ཁོའོ་དང་ཁང་བཏོད་དེ“ལོ་ལྔ་ཚན་བཅུ་གསུམ་པར”གཏན་འཁེལ་བྱས་ཟིན་པའི་དམིགས་ཚད་མགྱོགས་མྱུར་དོན་འཁྱོལ་བྱས་པ་དང་ཚན་ཞིབ་ལས་དོན་དེ་སྨན་ཁང་འཕེལ་རྒྱས་གཏོང་བའི་གཞི་རྩའི་བླང་བྱར་བརྩིས་ཏེ་སྨན་ཁང་གི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་བཏང་ཐོག་སྨན་དོན་པ་ཡོངས་ཀྱི་ཁྱོན་ཡོངས་ཀྱི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱས་པ་རེད།

    སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་ན་ནིང་ཟླ་8པར་སྤེལ་བ་ནས་བཟུང་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་བློ་བརྟན་འགྱུར་མེད་དང་། ལག་གདང་སྦྲེལ་བ་དང་སེམས་པ་གཅིག་མཐུན། ཚན་རིག་དང་མཐུན་པའི་དོ་དམ། བློ་གྲོས་ལྡན་ལ་དངོས་སྒྲུབ་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་པ་དང་གོམ་པ་རིམ་སྤོས་ངང་ལས་དོན་ཁག་ལག་བསྟར་བརྟན་པོ་དང་སྐུལ་འདེད་ཏན་ཏིག་བཏང་སྟེ་བོད་དང་འབྲེལ་གཏུག་དང་། བོད་ལ་ཞབས་ཞུ། བོད་ལ་ཕན་འདོགས་པ། བོད་འཕེལ་རྒྱས་གཏོང་བ་བཅས་ཀྱི་རོལ་དབྱངས་ལེའུ་གསར་པ་དཀྲོལ་ཐོག་རང་ལྗོངས་ཀྱི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རིམ་བཞིན་སྐུལ་འདེད་བཏང་ཡོད།

    སྨན་ཁང་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཐུག་ཡོད་པས་རྒྱལ་ཁབ་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་ཤེས་ལྡན་པ་ནང་འདྲེན་བྱེད་པའི་རྨང་གཞིའི་ཐོག་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་ཧུར་ཐག་བརྒྱབ་ཡོད།

    པེ་ཅིང་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས“གང་ཞིག་མི་འདང་ན་དེ་གསབ་པའི”གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུར་གཞིགས་ནས་རིག་ཚན་སྣེ་ཁྲིད་པ་གསོ་སྐྱོང་དང་ནང་འདྲེན་ལས་དོན་མགྱོགས་མྱུར་སྤེལ་ཡོད།

    རིག་ཚན་གྱི་སྣེ་ཁྲིད་པ་དང་ལོ་45མན་གྱི་ཕུལ་བྱུང་རིག་གཞུང་གི་སྣེ་ཁྲིད་པ་འདེམས་སྒྲུག་བྱ་རྒྱུ་དེ་གསོ་སྐྱོང་བྱ་ཡུལ་དུ་བྱས་པ་དང་། སྨན་བཅོས་རྐང་འཛིན་པ་དང་ཁྱད་ལྡན་སྨན་བཅོས་ལག་རྩལ་ནུས་པ་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་མགྱོགས་སུ་བཏང་ནས་མཐོ་རིམ་དང་། ཞིབ་ཚགས། རྩེ་གྲ་བཅས་ཀྱི་སྨན་བཅོས་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་གཙོ་གནད་དུ་ཤུགས་སྣོན་བརྒྱབ་པ། རང་སྐྱོང་ལྗོངས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་དང་རྒྱུན་མཐུད་སློབ་གསོའི་ཐབས་ལམ་བརྒྱུད། འབུམ་རམས་པ་དང་རབ་འབྱམས་ཞིབ་འཇུག་སློབ་མ་ནང་འདྲེན་དང་གསོ་སྐྱོང་བྱས་ཏེ་ཤེས་ལྡན་པའི་གྲུབ་ཆ་སྔར་བས་ལེགས་སུ་བཏང་བ་བཅས་རེད།

    ཧྲང་ཧའེ་ཡི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཐབས་ལམ་མང་བ་དང་ཕྱོགས་ཡོངས་ནས་ས་ཆ་དེ་གར་གནས་ཐུབ་པའི་ཆུ་ཚད་མཐོ་བའི་སྨན་བཅོས་ཚན་ཞིབ་ཆེད་ལས་དཔུང་ཁག་ཅིག་བཏོད་པ་རེད། ལས་གནས་ཀྱི་དགོས་མཁོ་གཞིར་བཟུང་སྨན་ཁང་གི་ལས་སྒོ་དང་དོ་དམ་གྱི་རྐང་འཛིན་པའམ་ཡང་ན་རྗེས་གྲབས་རྐང་འཛིན་པ་28འདེམས་བསྐོ་དང་ཁྲིད་རོགས་བྱས་ཏེ“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”རྣམ་པའི་ཐོག་ནས་གསོ་སྐྱོང་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྩོམ་པ་པོ་དང་པོའི་མིང་ཐོག་ནས་བསྡོམས་རྩིས་འབྱུང་ཁུངས་ཀྱི་དུས་དེབ་ཐོག་འདོན་རྒྱུའི་དཔྱད་རྩོམ་4དང་འདོན་གྲབས་ཡོད་པའི་རིག་གཞུང་དཔྱད་རྩོམ་7ལ་མཛུབ་ཁྲིད་བྱས་པ་རེད།

    ཧྲའན་ཤིས་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་2015ལོའི་ཁྲིད་རོགས་ལས་ཀའི་རྨང་གཞིའི་ཐོག རུ་མི་ཚང་མའི་ཁྲིད་རོགས་དམིགས་ཚད་གསལ་པོ་བཟོས་པ་དང་དུས་མཚུངས། སྨན་ཁང་དེ་ཡོངས་དང་ལས་བཟོ་ཡོངས་ཀྱི་རྒྱུན་མཐུད་སློབ་གསོའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག འཆར་འགོད་ལྟར་སློབ་གསོ་གསོ་སྦྱོང་བྱས་པ་དང་འབྲེལ་སྔ་རྗེས་ཀྱི་གསོ་སྦྱོང་ནང་དོན་དེབ་བཟོས་ནས་ཕུགས་སུ་སྤྱོད་རྒྱུའི་གྲ་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བས་སྨན་བཅོས་ཤེས་ལྡན་པ་ནང་འདྲེན་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྨན་བཅོས་ཤེས་ལྡན་པའི་ཞན་ཆ་སྔར་བས་སེལ་དགོས། ཕྱོགས་གཉིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གསོ་སྐྱོང་གི་གཏིང་ཤུགས་ལྡན་པའི་ས་ཆ་དེ་གའི་ན་གཞོན་སྨན་དོན་མི་སྣ་ཁག་གཅིག་རོགས་སྐྱོར་བྱེད་མཁན་སྨན་ཁང་དུ་སློབ་སྦྱོང་བྱེད་པར་བཏང་ནས་དཔུང་ཁག་གིས་དཔུང་ཁག་འཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་འཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་བཅས་མུ་མཐུད་མཐའ་འཁྱོངས་བྱས་ནས། ནམ་ཡང་གནས་ཐུབ་པའི་ཆུ་ཚད་མཐོ་བའི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་རྒྱུ་དང་། སྔོན་མངགས་རྣམ་པའི་འགྲོ་ཕྱོགས་གཏན་འཁེལ་གྱི་གསོ་རིག་སློབ་མ་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། གསོ་སྐྱོང་གི་གན་རྒྱ་ལག་ལེན་ནན་པོ་བསྟར་བ་དང་གསོ་རིག་སློབ་མ་དེ་བས་མང་བ་ཤང་གྲོང་དུ་གནས་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།