དབུ་ཤོག>གསར་འགྱུར།
  • བོད་སྐྱོར་སྨན་པ་ཧན་ཏིང་གིས་བོད་སྐྱོར་དུ་ཡོང་བ་ནི་ངའི་ལས་འཕྲོ་ཞིག་དང་གཟི་བརྗིད་ཅིག་ཡིན་ཞེས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-18

    ཧན་ཏིང་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ་ཞིག་རེད།

    གཞུང་དོན་ཁང་དུ་སླེབས་རྗེས། ཧན་ཏིང་གིས་རྣམ་ཀུན་བཞིན་ཙོག་ཙེའི་འཁྲིས་སུ་བཞག་པའི་གསོ་རླུང་བུམ་པ་ཁ་ཕྱེ་ནས་ང་ཚོས་ཁ་བརྡ་བྱེད་འགོ་བརྩམས།

    2015ལོའི་ཟླ་བརྒྱད་པར། ཀྲུང་དབྱང་དྲིལ་བསྒྲགས་པུའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་འབོད་སྐུལ་དང་ལེན་བྱ་ཆེད། སྐབས་དེར་པེ་ཅིང་ཤེ་ཧོ་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཡིན་པའི་ཧན་ཏིང་གིས་འཕྲལ་མ་ཉིད་དུ་མིང་ཐོ་བཀོད་པ་མ་ཟད། ད་དུང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོའི་རུ་དཔོན་བྱས་ནས་བོད་དུ་སྨན་བཅོས་རོགས་སྐྱོར་ལས་དོན་སྤེལ་བར་ཡོང་སྟེ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཡོན་ཀྲང་གཞོན་པའི་འགན་ཁུར།

    བོད་དུ་མ་ཡོང་གོང་སྨན་པ་ཞིག་ཡིན་པའི་ཧན་ཏིང་གིས་གྲ་སྒྲིག་ཨང་བསར་བྱས་ཀྱང་། མགོ་ན་བ་དང་གཉིས་མི་ཁུག་པ་སོགས་ས་མཐོ་མ་འཕྲོད་པའི་ནད་ཀྱིས་ཁོང་ལ་སྡུག་བསྔལ་ཆེན་པོ་བཟོས། ཡིན་ན་ཡང་ཧན་ཏིང་གིས་དེ་དག་ལ་ཇི་སྙམ་པར་སྨན་ཁང་དོ་དམ་པ་ཞིག་བྱེད་གང་ཐུབ་བྱས་ནས་བརྟག་ཞིབ་ལས་དོན་གཏིང་ཟབ་སྤེལ།

    ཧན་ཏིང་གིས་ཟླ་བ་གཅིག་ལྷག་ཙམ་བརྟག་ཞིབ་བྱས་པ་བརྒྱུད་སོ་སོའི་ཟིན་ཐོའི་ཐོག་ཏུ“དེ་སྔོན་གྱི་བོད་སྐྱོར་པས‘གཞན་བརྟེན’གཙོ་བོར་བཞག་ནས‘རང་བརྟེན’གྱི་འཇོན་ཐང་གསོ་སྐྱོང་བྱས་མེད་པ་དང་། གཙོ་བོ་མི་སྒེར་སོ་སོས་འབད་འཐབ་བྱེད་པ་ལས། ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་མི་འདུག”ཅེས་བྲིས་ཡོད།

    དེར་དམིགས་ནས་ཁོང་གིས་ཐག་གཅོད་ཐབས་ཤིག་བཏོན་པ་ནི། ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག“གཞན་བརྟེན”ནས“རང་བརྟེན”དུ་འགྱུར་ཐུབ་པར་བྱས་ཏེ“བློས་འགེལ་ཐུབ་པ་དང་། བེད་སྤྱོད་ཐུབ་པ། གཞིས་ཚུགས་ཐུབ་པ”བཅས་ཀྱི་རང་ས་གནས་ཀྱི་རྐང་འཛིན་ཤེས་ལྡན་པ་ཁག་ཅིག་གསོ་སྐྱོང་གི་རྒྱུན་སྡོད་ཀྱི་རྒྱལ་ཁབ་རིམ་པའི་སྨན་བཅོས་རུ་ཁག་བཞག

    བྱ་སྤྱོད་ཇི་འདྲ་སྤེལ་བ་ནི་འདུ་ཤེས་ལ་ཐུག་ཅིང་། འགྲོ་ལམ་རྙེད་མིན་ནི་བསམ་ཕྱོགས་ལ་ཐུག་ཡོད། ཚོགས་སྒྲིག་ཆུང་ངུས་ཚན་ཁག་ལ་ཉ་སྟེར་བ་ལས་འཛིན་སྟངས་སློབ་པའི་ཆུ་ཚད་དུ་སླེབས་པར་བྱེད་རྒྱུ་དང་། ཚོགས་སྒྲིག་འབྲིང་བས་ཚན་ཁག་གི་འཆར་འགོད་ཐད་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་ཐུབ་པར་བྱེད་རྒྱུ། ཚོགས་སྒྲིག་ཆེན་པོས་སྒྱུར་བཅོས་ལམ་སྲོལ་ལ་བརྟེན་ནས་འཁོར་རྒྱུག་བཟང་པོ་ཐུབ་པར་བྱེད་རྒྱུ་སོགས་ཀྱི་ལས་ཀའི་བསམ་ཕྱོགས་ནི་ཧན་ཏིང་གིས་ཡུན་རིང་བསམ་བློ་བཏང་ནས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད་རིམ་གྱིས་ལག་བསྟར་ཡང་བྱས།

    ཉེ་བའི་ལོ་གཅིག་རིང་། ཧན་ཏིང་གི་ལྕག་སྐུལ་འོག ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོའི་རུ་མིས་སོ་སོའི་ཚན་ཁག་གི་ཕུལ་བྱུང་ཤེས་ལྡན་པ་ཁྲིད་དེ་རྒྱལ་ནང་གི་རིག་གཞུང་བྱེད་སྒོ་སྣ་ཚོགས་ལ་ཞུགས་ནས་མཐོང་རྒྱ་ཆེ་རུ་བཏང་བ་མ་ཟད། ཁྱབ་ཁོངས་དེའི་ཚན་ཞིབ་གྲུབ་འབྲས་གསར་ཤོས་ལ་རྒྱུས་ལོན་ཡང་བྱས་པ་དང་། དེ་དང་ཆབས་ཅིག་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་མང་པོ་སྤེལ་བས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་ཨང་དང་པོ་མང་པོ་ཐོབ་ནས་སྟོང་ཆ་མང་པོ་ཞིག་བསྐངས།

    ཧན་ཏིང་བོད་དུ་མ་སླེབས་གོང་། མཐོང་བྱེད་བར་སྐྱི་ལུག་པས་གཤགས་བཅོས་བྱས་མྱོང་ཞིང་། ས་མཐོ་མ་འཕྲོད་པའི་རྐྱེན་གྱིས་ཁོང་གི་མིག་ཟུང་རྟག་ཏུ་སྐྲངས་ནས་ན་ཡི་ཡོད། ཡིན་ན་ཡང་བོད་དུ་སླེབས་ནས་ལོ་གཅིག་ལྷག་ཙམ་རིང་ཁོང་གིས་དགོངས་པ་ཐེངས་གཅིག་ཀྱང་ཞུས་མྱོང་མེད།

    ཁོང་གིས་དེ་ལྟར་འབད་འཐབ་བྱེད་པའི་རྒྱུ་མཚན་གཅིག་ནི་མི་སེར་ཚོའི་ཟོལ་མེད་ཀྱི་འཛུམ་མདངས་དེ་ཡིན་པ་རེད།

    ཅི་འཕྲོས་མོལ་འཕྲོས་བྱེད་སྐབས། ཧན་ཏིང་གིས“ང་ཚོ”དང“ང་ཚོ”ཞེས་བརྗོད་པ་ལས“ང”ཞེས་བརྗོད་ཀྱི་མེད། “གྲུབ་འབྲས་འདི་དག་ཚང་མ་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་བྱུང་བ་ཡིན། ངས་ང་རང་གི་འོས་འགན་བསྒྲུབས་པ་ཙམ་ཡིན། བོད་སྐྱོར་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་། འདི་ནི་ངའི་ལས་གཉེར་ལོ་རྒྱུས་ཁྲོད་ཀྱི་ཆེས་གཟི་བརྗིད་ལྡན་པའི་ལོ་ཟླ་ཞིག་ཡིན”“བོད་སྐྱོར་དུ་ཡོང་བ་ནི་ངའི་ལས་འཕྲོ་ཞིག་དང་གཟི་བརྗིད་ཅིག་ཡིན”ཞེས་གཞུང་དོན་ཁང་ནས་ཐོན་རྗེས་ཉི་ཟེར་ལ་ཕྱོགས་ནས་འཛུམ་དམུལ་དམུལ་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།