ཚེས་13ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་ཐེན་ཅིང་དང་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པར་དགའ་སྐྱེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་བ་རེད།
ནོར་བུ་དོན་གྲུབ་ཀྱིས། བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་ཐོག་མཐའ་བར་གསུམ་དུ“ཕྱོགས་པ་གཉིས”མཐའ་འཁྱོངས་ཀྱིས། བོད་སྐྱོར་རྣམ་གྲངས་དང་དམངས་འཚོའི་རྣམ་གྲངས་འབོར་ཆེན་ཁག་གཅིག་ལག་བསྟར་བྱས་ནས། ཆབ་མདོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་དང་ཡག་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་ནང་ཞུགས་ནས་ཆབ་མདོའི་སྤྱི་ཚོགས་དུས་བབ་རྒྱུན་སྲིང་དང་། ཡུན་རིང་། ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་རྒྱུར་གལ་ཆེའི་ལེགས་སྐྱེས་འབུལ་བ། ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་རྒྱ་ཁྱབ་ངང་ཆབ་མདོའི་ཏང་ཡོན་དང་། ལས་བྱེད་པ། ཆེད་ལས་ལག་རྩལ་པ་བཅས་ནང་སར་སྤེལ་རེས་དང་ལས་གནས་བསྐོ་གཞག་དང་། སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་མངགས་ཏེ་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་བྱས་ནས། ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། གྲོང་ཁྱེར་དེ་གའི་ཁེ་ལས་ཆབ་མདོའི་གསར་སྤེལ་འཛུགས་སྐྲུན་ནང་ཞུགས་རྒྱུར་གདན་ཧུར་ཐག་དྲངས་པ་མ་ཟད། དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། ཁྲོམ་ར་གསར་གཏོད། དྲིལ་བསྒྲགས་འོས་སྦྱོར་བཅས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། ཆབ་མདོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱས་པ་རེད་ཅེས་གསུངས་པ་རེད།
ནོར་བུ་དོན་གྲུབ་ཀྱིས། བོད་སྐྱོར་ལས་བྱེད་པ་ཁག་བདུན་པས“བགྲང་བྱ་གསུམ་གྱི་བོད་སྐྱོར། མི་ཚེ་གཅིག་གི་བོད་སྐྱོར། མི་ཚེ་གཅིག་གི་བརྩེ་དུང”ཞེས་པའི་སྲོལ་རྒྱུན་རྒྱུན་འཛིན་གྱིས་མུ་མཐུད་དྲིལ་བསྒྲགས་པ་དང་། འབྲེལ་གཏུག་པ། ཆ་འཕྲིན་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྔ་ཕྱི་བར་གསུམ་དུ་ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐུགས་ཁུར་དང་། ཆབ་མདོའི་མི་རིགས་ཁག་གི་མི་དམངས་ལ་བྱམས་སྐྱོང་བྱས་ཁར། ཆབ་མདོ་དང་མེས་རྒྱལ་ནང་སའི་དབར་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཀྱི་ཐད་ལ་དེ་བས་ཁྱབ་རྒྱ་ཆེ་བ་དང་། དེ་བས་ས་ཁོངས་ཆེ་བ། དེ་བས་རིམ་པ་མང་བ་བཅས་ཀྱི་སྤེལ་རེས་མཉམ་ལས་བྱེད་པ་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་མགྱོགས་མྱུར་མངོན་འགྱུར་ཡོང་ཕྱིར། ཐབས་དང་ཇུས་འདོན་པ་དང་ནུས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།