
འདི་ནི་ཞལ་འདེབས་འབུལ་བའི་མཛད་སྒོ་ཚོགས་ཡུལ་ཡིན་པ།
རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི“སློབ་ཁང་དུ་ཡིག་གཟུགས་སློབ་དེབ་སྐྱེལ་བའི《ཡིག་གཟུགས་མཛུབ་ཁྲིད་དང་སྦྱོང་བརྡར》གྱི་ལོ་དགུའི་འོས་འགན་སློབ་གསོའི་སློབ་དེབ”ཞལ་འདེབས་འབུལ་བའི་མཛད་སྒོ་ཚེས་12ཉིན་ལྷ་སར་འཚོགས་ཤིང་། ཀྲུང་གོའི་གྲགས་ཅན་ཡིག་རིས་མཁས་ཅན་དང་ལྗོངས་རིག་གནས་ཐིང་གི་བོད་སྐྱོར་ལས་བྱེད་པ་རུང་ཐེ་ཡིས། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ལ་དཔེ་དེབ་5400ཞལ་འདེབས་འབུལ་བར་རིན་ཐང་བསྡོམས་སྒོར་ཁྲི་8ཟིན་གྱི་ཡོད་པ་དང། དེའི་དམིགས་ཡུལ་ནི་ཡིག་གཟུགས་སྒྱུ་རྩལ་དེ་རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ། བོད་རྒྱ་རིག་གནས་དེ་ཡིག་གཟུགས་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
《ཡིག་གཟུགས་མཛུབ་ཁྲིད་དང་སྦྱོང་བརྡར》ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་འབོད་སྐུལ་དང་ལེན་བྱས་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ཞིག་ཡིན་ཞིང་། རུང་ཐེས་རྩོམ་སྒྲིག་པ་གཙོ་བོ་བྱས་པ་དང་རང་རྒྱལ་གྱི་བོད་ཡིག་པར་མའི་ཡིག་གཟུགས་སློབ་དེབ་སློབ་ཁང་དུ་སློབ་ཁྲིད་བྱེད་པའི་སློབ་དེབ་ཐོག་མ་དེ་ཡིན་པ་རེད། སློབ་གཞི་དེར་ཁྱོན་ཤོག་སྒྲིལ་བཅོ་བརྒྱད་ཡོད་པ་དེ་སློབ་དུས་རེར་སློབ་དེབ་རེ་འཁྲིད་ཀྱི་ཡོད་པ་དང་། ཆ་ཚང་བའི་སྒོ་ནས་ཡིག་གཟུགས་ཀྱི་རྒྱུན་ཤེས་དང་། ཡིག་གཟུགས་འགྱུར་ལྡོག མི་སྣ་གྲགས་ཅན་གྱི་མཛད་རྗེས། རྒྱལ་རབས་རིམ་བྱོན་གྱི་རྡོ་བརྐོས་ཡི་གེ ཡིག་གཟུགས་མཁས་ཅན་སོགས་ངོ་སྤྲོད་བྱས་ཡོད་པ་མ་ཟད། ཡི་གེ་དང་པར་རིས་མཉམ་འདྲེས་དང་དཔེ་སྟོན་ལད་འབྲིའི་ཁྱད་ཆོས་ལྡན་པས། ཤེས་བྱའི་རང་བཞིན་དང་ཁྱད་མཚར་རང་བཞིན་གཞི་གཅིག་ཏུ་བསྡུས་ཡོད་ལ། དོན་ཟབ་ཚིག་གསལ་ཐོག་ནས་སློབ་མ་རྣམས་སྲོལ་རྒྱུན་ཡིག་གཟུགས་སློབ་སྦྱོང་བྱེད་པའི་སློབ་ཁང་དུ་སྣེ་ཁྲིད་བྱེད་ཐུབ་པ་རེད།