དབུ་ཤོག>གསར་འགྱུར།
  • ལྷོ་རྒྱ་མཚོ་ཡི་འདུམ་གཅོད་ཟེར་བར་ངོ་རྒོལ་བྱས་ནས་ཀྲུང་གོའི་མངའ་ཁོངས་བདག་དབང་སྲུང་སྐྱོབ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-15

    ཧྥི་ལི་ཕིན་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་འདུམ་གཅོད་ཁྲིམས་རས་ཚེས་12ཉིན་ཁྲིམས་འགལ་ནུས་མེད་ཀྱི་མཐའ་མའི་ཁྲུན་གཅོད་ཟེར་བ་བྱས་པ་རེད། ཁྲིམས་འགལ་གྱི་འདུམ་གཅོད་བྱས་པར་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཁོང་ཁྲོ་ཆེན་པོ་ལངས་པ་དང་འབྲེལ་རྒོལ་གཏམ་དྲག་པོ་ཡང་བཏང་ཞིང་། ཁོང་ཚོས་འདུམ་གཅོད་བྱས་པ་ནི་དོན་དངོས་འཁྱོག་བཤད་བྱས་པ་ཡིན་ཞེས་བརྗོད་པ་དང་སྦྲགས་འདུམ་གཅོད་ཁས་མི་ལེན་པ་དང་མི་ཞུགས་པའི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་ཀྲུང་གོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུའི་རྣམ་འགྱུར་བསྟན་པ་རེད།

    ཨོ་སི་ཁྲུ་ལི་ཡའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་ཞི་བདེ་དྲང་བདེན་སྲུང་སྐྱོང་བྱ་སྤྱོད་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལྷོ་རྒྱ་མཚོའི་འདུམ་གཅོད་ནི་རྒྱལ་སྤྱིའི་སྤྱི་སྲོལ་ལ་འགྲན་སློང་བྱས་པ་ཞིག་ཡིན། དོན་དངོས་འཁྱོག་བཤད་ཀྱི་འདུམ་གཅོད་དེར་ངོ་རྒོལ་དྲག་པོ་བྱ་རྒྱུ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་ཁེ་ཕན་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོང་བྱེད་མཁན་ཀྲུང་གོ་སྲིད་གཞུང་གི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

    ཨ་རིའི་ཝ་ཧྲིང་ཐོན་ས་ཁུལ་གྱི་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཝུའུ་ཧུད་ཆིའུ་ཡིས་ཧྥི་ལི་ཕིན་གྱི་དེ་སྔའི་སྲིད་གཞུང་གིས་ཕྱོགས་རྐྱང་པའི་ཐོག་ནས་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་འདུམ་གཅོད་ཁྲིམས་རར་ཁྲུན་ཐག་བཅད་རྒྱུའི་རེ་འདུན་ཞུས་པ་ནི་རྒྱལ་སྤྱིའི་རྒྱ་མཚོའི་བཅའ་ཁྲིམས་ལ་ཕོག་ཐུག་བཏང་བ་ཞིག་རེད། ཁྲིམས་འགལ་གྱི་བྱེད་སྤྱོད་དེས་རྒྱལ་སྤྱིའི་ཁྲིམས་རའི་དབང་གྲགས་རང་བཞིན་དང་དྲང་བདེན་རང་བཞིན། ཡིད་རྟོན་རང་བཞིན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། དེ་ནི་ཧྥི་ལི་ཕིན་གྱི་དེ་སྔའི་སྲིད་གཞུང་གི་རང་སྣང་གང་ཤར་གྱི་བྱེད་སྤྱོད་ལ་ལྕག་སྐུལ་བྱས་པ་ཞིག་རེད་ལ་ངན་སྐུལ་བྱས་པ་ཞིག་ཀྱང་རེད། དེའང་རྒྱལ་སྤྱིའི་རྒྱ་མཚོའི་སྒྲིག་ལམ་མིག་ནང་མ་བཞག་པ་ཞིག་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་སྐྱོན་བཏང་བ་ཞིག་ཀྱང་རེད་ཅེས་ཐད་ཀར་བཤད་པ་རེད།

    ཨུ་རུ་སུའི་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་མཐུན་ཚོགས་ཀྱི་དྲུང་ཆེ་ཨུ་རུ་སུའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ན་གཞོན་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ཝུའུ་ཧའོ་ཡིས་ཧྥི་ལི་ཕིན་གྱིས་ཀྲུང་གོ་སྲིད་གཞུང་གིས་བཟོད་བསྲན་བྱས་པ་ཉམ་ཆུང་ཐུབ་ཚོད་བཏང་ཆོག་པར་བརྩིས་པ་དེ་ཉལ་ས་བྱུང་ན་རྐྱོང་ས་དྲན་པ་ལྟ་བུ་རེད། རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱུས་མངའ་ཡོད་མཁན་ཚང་མས་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་བྱ་རིམ་དང་། བཅའ་ཁྲིམས། དཔང་རྟགས་སྤྱོད་འཐུས་སོགས་ཐད་ཞྭ་དཔེ་ལྷམ་འགེབས་དང་སྐྱོན་ཆ་བརྒྱ་ཐོན་སྟོང་ཐོན་ཡིན་པ་ཤེས་ཀྱི་ཡོད། དབང་ཆ་རྒྱ་ཆེར་བཏང་བ་དང་དབང་ཚད་ལས་བརྒལ་བའི་འདུམ་གཅོད་ཁྲིམས་རར་བདག་སྐྱོང་དབང་ཆ་རྩ་བ་ཉིད་ནས་མེད་པ་མངོན་གསལ་དོད་པོ་རེད། དེས་ན་བཅའ་ཁྲིམས་དང་དོན་དངོས་ལ་མི་བལྟོས་པའི་ཁྲུན་བཅད་དེ་འཆུན་ནུས་མེད་པ་ཞིག་ཡིན་པ་ནི་སྨོས་ཅི་དགོས་ཞེས་གསུངས་པ་རེད།

    སུའེ་ཙེར་ཕྱིར་སྡོད་རང་མིའི་ལས་རིགས་ཀྱིས་མཉམ་འབྲེལ་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་སུའེ་ཙེར་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཧྥི་ལི་ཕིན་ཕྱོགས་རྐྱང་པས་བཏོན་པ་དང་མངའ་ཁོངས་ཕྱིའི་རྒྱལ་ཁབ་ཀྱིས་ལྐོག་ཏུ་ཚོད་འཛིན་བྱས་པའི་དགོད་བྲོ་བའི་བྱ་བ་དེ་འདྲ་ཞིག་མཐོང་སྐབས་ཁོང་ཁྲོ་ཆེན་པོ་ལངས་ནས་རྒོལ་གཏམ་དྲག་པོ་བཏང་བ་རེད། ཁ་གཏད་དུ་ལངས་པ་དང་། འཁྲུག་རྩོད་སློང་བ། གནད་དོན་རྙོང་འཛིང་ཆེ་རུ་གཏོང་བ་བཅས་ཀྱི་བྱེད་སྤྱོད་གང་ཞིག་སྤེལ་རུང་ཚང་མ་ཀ་བར་འཇག་མའི་ལྷན་པ་བརྒྱབ་པ་ལྟ་བུ་རེད་ལ་མཐའ་མའི་མཇུག་འབྲས་རང་མགོ་ཆུ་འདྲེན་རང་ལས་མེད་ཅེས་འཁོད་ཡོད་པ་རེད།

    ཕོར་ཐིའུ་ཀལ་གྱི་ཀྲུང་ཧྭ་སྤྱི་ཁྱབ་བཟོ་ཚོང་ལྷན་ཚོགས་ཀྱི་ཚོགས་གཙོ་ཚའེ་ཝན་ཞན་གྱིས་མངའ་ཁོངས་ས་ཆ་ཆ་ཚང་ཡོང་བ་བྱེད་པ་དང་། རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་པ། དེ་བཞིན་འདུམ་གཅོད་འབྲས་བུ་ཟེར་བ་དང་ལེན་མི་བྱེད་པ་དང་ཁས་ལེན་མི་བྱེད་པ་བཅས་ཀྱི་ཀྲུང་གོ་སྲིད་གཞུང་གི་དྲང་ནན་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་དང་མཉམ་དུ་ལངས་ཏེ་ཀྲུང་གོའི་མངའ་ཁོངས་ས་ཆ་ཆ་ཚང་ཡོང་བ་བྱ་རྒྱུ་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུའི་བླ་ན་མེད་པའི་འགན་འཁྲི་མཉམ་དུ་ཁུར་རྒྱུ་ཡིན་ཞེས་གསུངས་པ་རེད།

    སི་ལོ་ཝ་ཁེའི་ཕྱིར་སྡོད་རང་མི་ཚོགས་པས་སི་ལོ་ཝ་ཁེར་ཡོད་པའི་ཕྱིར་སྡོད་རང་མིས་ལྷོ་རྒྱ་མཚོའི་འདུམ་གཅོད་འབྲས་བུ་ཟེར་བ་དང་ལེན་མི་བྱེད་པ་དང་ཁས་ལེན་མི་བྱེད་པའི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ལྷོ་རྒྱ་མཚོའི་བདག་དབང་དང་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་གོ་ལ་ཧྲིལ་པོའི་ཀྲུང་ཧྭ་བུ་ཕྲུག་གི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།