དབུ་ཤོག>གསར་འགྱུར།
  • ཨུ་རུ་སུའི་རིགས་གཅིག་མཁས་ཅན་གྱིས་ལྷོ་རྒྱ་མཚོའི་རྩོད་གཞིས་རྐྱེན་པས་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་བའི་ངོས་འཛིན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-15

    ཉེ་ཆར་ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཝའར་ཏའེ་རྒྱལ་སྤྱིའི་རྩོད་བཤེར་སྤྲོ་སྐྱིད་ཁང་གི་རིགས་གཅིག་མཁས་ཅན་པི་ཏ་ལུའོ་ཕུའུ་སི་ཅིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལྷོ་རྒྱ་མཚོའི་ཐད་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་ཐུན་མོང་གི་ཁེ་ཕན་གནད་དོན་ཆེན་པོ་ལྷག་ཡོད་པས་ལྷོ་རྒྱ་མཚོའི་རྩོད་གཞིས་རྐྱེན་པས་ཐུན་མོང་གི་ཁེ་ཕན་དེར་གནོད་འཚེ་བཟོ་མི་རུང་ཞེས་བཤད་པ་རེད།

    པི་ཏ་ལུའོ་ཕུའུ་སི་ཅིས་ལྷོ་རྒྱ་མཚོའི་དུས་བབ་ཛ་དྲག་ཆེ་ལ་ཐ་ན་ཟང་ཟིང་དུ་གྱུར་ཚེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་བརྟན་ལྷིང་དང་འཕེལ་རྒྱས་དང་ཐ་ན་གོ་ལ་ཧྲིལ་པོའི་ཆབ་སྲིད་དང་དཔལ་འབྱོར་དུས་བབ་ལ་ཤུགས་རྐྱེན་ཐེབས་སྲིད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་རང་མོས་ཚོང་དོན་ཁུལ་བཙུགས་ཟིན་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་ལོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་སྟོང་ཕྲག་ཁ་ཤས་ཟིན་ནས་ཐུན་མོང་གི་ཁེ་ཕན་ཆགས་ཡོད་པས“རྩོད་གཞིའི་གནད་དོན་གྱིས་རྐྱེན་པས་ཐུན་མོང་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས”ཞེས་བརྗོད་པ་རེད།

    ཧྥི་ལི་ཕིན་ཕྱོགས་རྐྱང་པས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་རྩོད་གཞིར་འདུམ་གཅོད་བྱེད་དགོས་པ་བཏོན་པར་དམིགས་ནས་འདུམ་གཅོད་ཁྲིམས་རས་ཟླ་7ཚེས་12ཉིན་མཐའ་མའི་ཁྲུན་གཅོད་ཟེར་བ་ཡོངས་བསྒྲགས་བྱས་པས་པི་ཏ་ལུའོ་ཕུའུ་སི་ཅིས་ཀྲུང་གོས་ཧྥི་ལི་ཕིན་གྱིས་བཏོན་པའི་འདུམ་གཅོད་དང་ལེན་མི་བྱེད་པ་དང་དེའི་ནང་མི་ཞུགས་པ་དེ་ནི་བློ་གྲོས་ལྡན་པ་ཞིག་ཡིན་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ངོས་ནས་བཤད་ཀྱང་ལངས་ཕྱོགས་དེ་ནི་ལུགས་དང་མཐུན་པ་ཞིག་རེད་ཅེས་བཤད་པ་རེད།

    ཨ་རིས་བཤད་པའི་ལྷོ་རྒྱ་མཚོའི“མཚོ་སྐྱོད་རང་མོས”ཟེར་བའི་ཐད་པི་ཏ་ལུའོ་ཕུའུ་སི་ཅིས་ཨ་རིའི་ཀུན་སློང་ལ་ངོ་ལྐོག་གཉིས་ཡོད་པ་དང“མཚོ་སྐྱོད་རང་མོས”ཟེར་བ་ཚོང་ལས་གྲུ་གཟིངས་ཁོ་ན་མིན་པར་ལྷོ་རྒྱ་མཚོར་ཨ་རིའི་དམག་གྲུའི་དྲག་ཤུགས་ངོམས་སུ་འཇུག་རྒྱུ་དེ་རེད། “ལྷོ་རྒྱ་མཚོའི་གནད་དོན་རྒྱལ་སྤྱི་ཅན་དུ་མི་འགྱུར་བ་བྱེད་པ་དེ་བློ་གྲོས་ལྡན་པ་ཞིག་ཡིན་པ་དང་རྩོད་གཞི་དེ་འབྲེལ་ཡོད་དོ་བདག་ཕྱོགས་ཀྱིས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས། ཨུ་རུ་སུས་ལྷོ་རྒྱ་མཚོའི་གནད་དོན་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད”ཅེས་བསྟན་པ་རེད།

    པི་ཏ་ལུའོ་ཕུའུ་སི་ཅིས་མིག་སྔར་ལྷོ་རྒྱ་མཚོར་ཨ་རིའི་དམག་གྲུའི་རུ་ཁག་ཐོན་གྱི་ཡོད་པས་བསམ་ཡུལ་ལས་འདས་པའི་གནས་ཚུལ་འཕྲད་སྲིད་ཉེན་ཡོད། དེང་སྐབས་དུས་བབ་རྙོག་འཛིང་ཆེ་བས་འབྲེལ་ཡོད་ཕྱོགས་ཁག་གིས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་རྒྱུ་བཀག་འགོག་བྱེད་དགོས་ལ་ཡག་ཤོས་བྱུང་ན་མཚོ་ཐོག་ཉེན་ཁ་ལས་གཡོལ་བའི་དམག་དོན་བྱ་སྤྱོད་ཀྱི་གྲོས་མཐུན་འཇོག་དགོས་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།