ཉེ་ཆར་ཉིའུ་གཡོད་དུ་སྡོད་མཁན་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཡིན་པ་རྒན་ཡོལ་ཞུས་པའི་དགེ་རྒན་ཆེ་མོ་བ་ཚུའེ་ཅ་ཅིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རིའི་དབང་གྲགས་ལྡན་པའི་ས་བཀྲ་པར་སྐྲུན་བྱེད་མཁན་ལན་ཏེ་·མའེ་ཁེ་ན་ལི་ཀུང་སིས་1994ལོར་པར་སྐྲུན་བྱས་པའི་འཛམ་གླིང་ས་བཀྲའི་ཐོག་ནས་ལྷོ་རྒྱ་མཚོའི་གླིང་ཚོམ་ཀྲུང་གོའི་མངའ་ཁོངས་ཀྱི་ས་ཆ་ཡིན་པ་གསལ་བཤད་བྱས་ཡོད་པ་དང་ས་བཀྲའི་ནང་གི་གནས་མང་པོར་དཔང་རྟགས་ཡོད་པ་བསྟན་ཡོད་ཅེས་བཤད།
ཚུའེ་ཅ་ཅེ་དེབ་རྙིང་པ་ཉོ་རྒྱུར་དགའ་པོ་ཡོད་པ་དང་ཨ་རིའི་དབང་གྲགས་ལྡན་པའི་ས་བཀྲ་པར་སྐྲུན་བྱེད་མཁན་ལན་ཏེ་·མའེ་ཁེ་ན་ལི་ཀུང་སིས་1994ལོར་པར་སྐྲུན་བྱས་པའི《འཛམ་གླིང་ས་བཀྲ་ཀུན་བསྡུས》ཞེས་པ་དེ་ཁོང་གིས་2015ལོར་ཨ་རིའི་གྲོང་མི་ཞིག་གི་ལག་ནས་ཉོས་པ་ཞིག་རེད།
ཚུའེ་ཅ་ཅེས་ས་བཀྲ་ཀུན་བསྡུས་ཀྱི་ཤོག་གྲངས་166དང་167ཐོག་འཁོད་པའི་ཨེ་ཤེ་ཡ་ཤར་ལྷོའི་ས་བཀྲའི་ཐོག་ནས་ཧོང་ཡན་གླིང་ཕྲན་ལ“HUANGYAN DAO” (ཧོང་ཡན་གླིང་ཕྲན)ཞེས་རྟགས་བཀོད་པ་དེ་ཧྥི་ལི་ཕིན་ནུབ་རྒྱུད་རྒྱལ་མཚམས་ས་ཐིག་ཤར་གྱི་གཞུང་ཐིག་118ཀྱི་ཕྱིར་དབྱེ་ཡོད། “ཧོང་ཡན་གླིང་ཕྲན་གྱི་ཧྥི་ལི་ཕིན་རྒྱལ་མཚམས་ཀྱི་ཐིག་ཀྱང་དམར་ཐིག་དེའི་ཕྱིར་ཡོད་པས་ཀྲུང་གོའི་ཕྱོགས་སུ་ཡོད་པ་གསལ་པོ་རེད”ཅེས་བཤད།
ཧོང་ཡན་གླིང་ཕྲན་ཕུད། ཚུའེ་ཅ་ཅེས་ཤིས་ཧྲ་གླིང་ཚོམ་དང་། ནན་ཧྲ་གླིང་ཚོམ། ཀྲུང་ཡེ་གླིང་ཚོམ། ནན་ཝུའེ་གླིང་ཕྲན། ཞི་བདེ་གླིང་ཕྲན། ཡུང་ཧྲུའུ་མཚོ་གླེ་སོགས་ཚང་མ་རྒྱ་ཡིག་སྒྲ་སྦྱོར་ཐོག་ནས་མིང་བཀོད་ཡོད་པ་དོ་སྣང་བྱུང་ཡོད།
རྒྱ་ཡིག་གི་སྒྲ་སྦྱོར་ཐོག་ནས་མིང་བཀོད་པ་ཕུད། ཤིས་ཧྲ་གླིང་ཚོམ་དང་ནན་ཧྲ་གླིང་ཚོམ་གྱི་ས་མིང་འོག་ཏུ་ད་དུང“CHINA”(ཀྲུང་གོ)ཞེས་བཀོད་ཡོད།“དེ་དག་གི་ཐོག་ནས་ཀྲུང་གོས་ལྷོ་རྒྱ་མཚོའི་གླིང་ཚོམ་ལ་རྩོད་ཐབས་བྲལ་བའི་དབང་ཆ་ཡོད་པ་གསལ་པོ་མཐོང་ཐུབ”ཅེས་དགེ་རྒན་ཆེ་མོ་བ་ཚུའེ་ཅ་ཅིས་དེ་ལྟར་བཤད་ཅིང་། ཁོང་གིས་ད་དུང་ཨ་རིའི་དབང་གྲགས་ལྡན་པའི་ས་བཀྲ་ཀུང་སིས་1992ལོར་ཐོག་མར་པར་སྐྲུན་བྱས་པ་དང་1994ལོར་བསྐྱར་དུ་བཟོ་བཅོས་བརྒྱབ་པའི་ས་བཀྲ་ཀུན་བསྡུས་དེའི་ཐོག་ནས་སྐབས་དེ་དུས་ཨ་རི་སྲིད་གཞུང་གིས་ལྷོ་རྒྱ་མཚོའི་གླིང་ཚོམ་གཏོགས་ཁོངས་གནད་དོན་ཐད་ཀྱི་ལངས་ཕྱོགས་མཚོན་པ་གསལ་བཤད་བྱས་ཡོད་ཅེས་བཤད་པ་རེད།