དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ལྷོ་རྒྱ་མཚོའི་འདུམ་གཅོད་ཁྲིམས་རའི་ཁྲུན་བཅད་འབྲས་བུ་ཟེར་བར་གཏམ་བཤད་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-14

    ཚེས་12ཉིན་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ལྷོ་རྒྱ་མཚོའི་འདུམ་གཅོད་ཁྲིམས་རའི་ཁྲུན་བཅད་འབྲས་བུ་ཟེར་བར་གཏམ་བཤད་སྤེལ་བའི་ནང་དོན་ཆ་ཚང་གཤམ་གསལ་ལྟར།

    ཚེས་12ཉིན་གནས་སྐབས་བཙུགས་པའི་འདུམ་གཅོད་ཁྲིམས་ར་དེས་ཧྥི་ལི་ཕིན་གྱི་སྐབས་གོང་མའི་སྲིད་གཞུང་ཁོ་ནས་བསླངས་པའི་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིར་ཁྲུན་བཅད་བྱས་ནས་ཀྲུང་གོའི་ལྷོ་རྒྱ་མཚོའི་མངའ་ཁོངས་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་གནོད་སྐྱོན་གཏོང་རྩིས་བྱེད་པའི་རེ་ངན་བཅངས་པ་དེར་ཀྲུང་གོ་ཕྱི་འབྲེལ་པུས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་འདུམ་གཅོད་ཁྲུན་བཅད་དང་ལེན་བྱེད་ཀྱི་མིན་ལ་ཁས་ལེན་ཡང་བྱེད་ཀྱི་མིན་པའི་ལངས་ཕྱོགས་བརྟན་པོ་བསྟན་ཡོད། དུས་མཚུངས་ཀྲུང་གོ་ཕྱི་འབྲེལ་པུའུ་ཡིས་བཀའ་འཁྲོལ་ཁྱབ་བསྒྲགས་བྱས་པའི《ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གསལ་བསྒྲགས》ནང་ཀྲུང་གོར་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ཡོད་པ་སྒམ་བརླིང་ངང་རྒྱས་བཤད་བྱས་ཡོད། དེའི་རྨང་གཞིའི་ཐོག་ངས་ཀྲུང་གོ་ཕྱོགས་ཀྱི་རྣམ་འགྱུར་སྔར་བས་གསལ་པོ་བརྗོད་རྒྱུ་ཡིན།

    གཅིག་ནས་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞི་དེ་མགོ་ནས་མཇུག་བར་བཅའ་ཁྲིམས་ཀྱི་ཕྱི་གོས་གྱོན་པའི་ཆབ་སྲིད་ཀྱི་ཟིང་སློང་བྱེད་སྤྱོད་ཅིག་ཡིན་པས་དེའི་ངོ་བོ་ངེས་པར་དུ་དམར་དམར་རྗེན་རྗེན་དུ་ཐེར་འདོན་བྱེད་དགོས།

    ཧྥི་ལི་ཕིན་གྱི་སྐབས་གོང་མའི་སྲིད་གཞུང་དེ་ཉིད་ཕྱི་ཁོངས་སྟོབས་ཤུགས་འགའ་ཞིག་གི་ཇུས་འདོན་བཀོད་གཏོང་འོག་དོ་བདག་གི་མོས་མཐུན་མ་ཐོབ་པར་ཕྱོགས་གཉིས་པོས་གྲོས་མོལ་བྱས་ནས་རྩོད་གཞི་ཐག་གཅོད་བྱེད་པའི་གྲོས་མཐུན་རྒྱབ་སྐྱུར་བྱས་པ་དང《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》ནང་གི་ཁས་ལེན་ལས་འགལ་ནས་ཕྱོགས་རྐྱང་པས་འདུམ་གཅོད་གྱོད་གཞི་ཟེར་བ་དེ་བསླངས་ཡོད། ཁོང་ཚོའི་དམིགས་ཡུལ་ནི་ཀྲུང་གོ་དང་ཧྥི་ལི་ཕིན་དབར་གྱི་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་དུ་འཇུག་པའི་ཆེད་དུ་མིན་པར་ཀྲུང་གོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་བཙན་གནོད་བྱས་ནས་ལྷོ་རྒྱ་མཚོ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་སྐྱོན་གཏོང་ཆེད་ཡིན་པ་མངོན་གསལ་དོད་པོ་རེད། གོ་རིམ་དང་ཁྲིམས་ལུགས་བེད་སྤྱོད་བྱེད་སྟངས་ཞྭ་དཔེ་ལྷམ་འགེབས་ཡིན་པ་དང་། དཔང་རྟགས་དང་དོན་དངོས་ངོས་འཛིན་ཐད་སྐྱོན་ཆ་བརྒྱ་ཐོན་སྟོང་ཐོན་ཡིན་པའི་འདུམ་གཅོད་གྱོད་གཞི་དེ་འདྲར་ཀྲུང་གོ་མི་དམངས་ཀྱིས་རྩ་བ་ནས་ཁས་ལེན་གྱི་མིན་ལ་རྒྱལ་སྤྱིའི་ཐོག་གི་བདེན་པ་སྐྱོང་མཁན་ཚོས་ཀྱང་མོས་མཐུན་བྱེད་མི་སྲིད།

    གཉིས་ནས་ཀྲུང་གོས་འདུམ་གཅོད་ཁས་མི་ལེན་པ་དང་དེའི་ནང་མི་ཞུགས་པ་ནི་ཁྲིམས་ལྟར་རྒྱལ་སྤྱིའི་ཁྲིམས་སྐྱོང་དང་ས་ཁུལ་གྱི་འཆར་འགོད་སྲུང་སྐྱོང་བྱ་ཆེད་ཡིན།

    རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྒྱལ་ཁབ་ཁག་ལ་རྩོད་གཞི་ཐག་གཅོད་བྱེད་སྟངས་རང་འདེམས་ཆོག་པའི་དབང་ཆ་སྤྲད་ཡོད། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》ནང་ཁོངས་མིའི་རྒྱལ་ཁབ་ལ་བཙན་དབང་རང་བཞིན་གྱི་བདག་སྐྱོང་གོ་རིམ་ཁས་མི་ལེན་པའི་དབང་ཆ་ཡོད་པ་གཏན་འབེབས་བྱས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་མའི་མནའ་འབྲེལ་རྒྱལ་ཁབ་བཅུ་དབར་བཞག་པའི《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》ནང་ཐད་ཀར་འབྲེལ་བ་ཡོད་པའི་དོ་བདག་རྒྱལ་ཁབ་ཀྱིས་སྐད་ཆ་ཤོད་རེས་བྱས་ནས་ཞིབ་ཕྲའི་རྩོད་གཞི་ཐག་གཅོད་བྱེད་དགོས་པ་ཡིག་ཐོག་ཏུ་གསལ་པོ་འཁོད་ཡོད། དེར་བརྟེན་ཀྲུང་གོས་འདུམ་གཅོད་ཁས་མི་ལེན་པ་དང་དེའི་ནང་མི་ཞུགས་པའི་ཐད་ཁྲིམས་ཀྱི་གཞི་འཛིན་ས་གང་ལེགས་ཡོད་ལ་རྒྱལ་སྤྱིའི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཚད་གཞི་དང་མཐུན་ཡོད་པས་ཡོངས་སུ་ཁྲིམས་ལ་གཞིགས་ནས་ལས་ཀ་བྱས་ཡོད།

    འདུམ་གཅོད་ཁྲིམས་རས་བཏོན་པའི་ཁྲུན་བཅད་ཟེར་བ་དེས་ཀྲུང་གོ་ཕྱོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་པ་དང་། བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞིར་འགྲན་སློང་བྱས་པ། རྒྱལ་སྤྱིའི་རྒྱ་མཚོའི་བཅའ་ཁྲིམས་ལམ་ལུགས་ཀྱི་སྒམ་ནན་རང་བཞིན་དང་ཆ་ཚང་རང་བཞིན་ལ་གནོད་སྐྱོན་བཏང་བ། 《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》རྨང་གཞིར་བྱས་པའི་ས་ཁུལ་གྱི་འཆར་འགོད་ལ་ཕོག་ཐུག་བཟོས་ཡོད། འདུམ་གཅོད་ཁྲིམས་ར་བཙུགས་པ་དེར་ཁྲིམས་མཐུན་རང་བཞིན་མི་འདང་བས་གྱོད་གཞི་དེར་བདག་སྐྱོང་དབང་ཆ་ལྡན་མེད། དེའི་ཁྲུན་བཅད་མངོན་གསལ་དོད་པོས་དབང་ཆ་ཆེ་རུ་བཏང་བ་དང་དབང་ཚད་ལས་བརྒལ་བས་བཅའ་ཁྲིམས་ཀྱི་ནུས་པ་གང་ཡང་ཐོན་མི་ཐུབ།

    ངས་དམིགས་སུ་བཏོན་དགོས་པ་ནི་རྒྱལ་ཁབ་དང་དཔྱོད་ལྡན་མི་སྣ་དེ་བས་མང་བ་དང་ལྷག་པར་རྒྱལ་སྤྱིའི་བཅའ་ཁྲིམས་ལས་རིགས་ཀྱི་མི་སྣས་གྱོད་གཞི་དེའི་ཐད་སེམས་ཁྲལ་དང་དོགས་པ་བྱེད་ཀྱི་ཡོད། རྒྱལ་ཁབ་60ལྷག་ཙམ་གྱིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་འདོད་ཚུལ་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཚུལ་ཡོངས་བསྒྲགས་ངང་བཏོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲང་བདེན་གྱི་འབོད་སྒྲ་དེ་དག་ཉན་དགོས་ངེས་ཤིག་རེད།

    གསུམ་ནས་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་ཀྲུང་གོར་ལོ་རྒྱུས་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་བརྟན་པོ་ཡོད་པས་འདུམ་གཅོད་ཁྲིམས་རའི་ཁྲུན་བཅད་ཟེར་བའི་ཤུགས་རྐྱེན་ཕོག་མི་སྲིད།

    ཀྲུང་གོ་སྲིད་གཞུང་གིས་ཚེས་12ཉིན་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ནང་ལྷོ་རྒྱ་མཚོའི་ཐད་ཀྲུང་གོར་ཡོད་པའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སླར་ཡང་གསལ་པོ་བརྗོད་ཡོད། དེའི་ནང་ཀྲུང་གོར་ལྷོ་རྒྱ་མཚོའི་གླིང་ཚོམ་ལ་ཡོད་པའི་བདག་དབང་དང་། ཀྲུང་གོར་ཡོད་པའི་ལྷོ་རྒྱ་མཚོའི་གླིང་ཚོམ་གྱི་བདག་དབང་རྨང་གཞིར་བྱས་པའི་ནང་ཁོངས་ཀྱི་ཆུ་བོ་དང་། མཐའ་སྐོར་གྱི་རྒྱ་མཚོ། མཐའ་འབྲེལ་ས་ཁུལ། ཆེད་གཏོགས་དཔལ་འབྱོར་ཁུལ། སྐམ་ས་ཆེ་མོའི་སྒྲོམ་གཞི་བཅས་གཏོགས་ཡོད། ཀྲུང་གོར་དབང་བའི་ལྷོ་རྒྱ་མཚོའི་ལོ་རྒྱུས་རང་བཞིན་གྱི་ཁེ་དབང་བཅས་ཚུད་ཡོད།

    ངས་འདི་གར་ནན་བཤད་བྱེད་དགོས་པ་ནི། ཀྲུང་གོའི་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ནི་དེ་རིང་གཞི་ནས་བཏོན་པའི་འདོད་ཚུལ་གསར་པ་ཞིག་མིན་པར་ལྷོ་རྒྱ་མཚོའི་ཐིག་དུམ་མཚམས་ཐིག་ཚུད་པ་ཚང་མ་དུས་ཡུན་རིང་པོའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཆགས་པའི་དོན་དངོས་ཤིག་ཡིན་པས་འདི་སྐབས་རིམ་བྱུང་གི་ཀྲུང་གོ་སྲིད་གཞུང་གིས་རྒྱུན་འཁྱོངས་བྱས་ཡོད། སྟོབས་ཤུགས་གང་རུང་ཞིག་གིས་བྱ་ཐབས་གང་རུང་ཞིག་ལ་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་དམའ་འབེབས་སམ་གནོད་སྐྱོན་གཏོང་བའམ་ཡང་ན་ཁས་མི་ལེན་པའི་རེ་ངན་བཅངས་པ་ཚང་མ་ངལ་བ་སྟོང་ཟད་ཅིག་ཏུ་འགྱུར་རྒྱུ་རེད། མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་གི་གནད་དོན་ཐད་ཀྲུང་གོས་ཀྲུང་གོ་ཕྱོགས་ནས་མོས་མཐུན་ཐོབ་མེད་པའི་ཕུང་གསུམ་པའི་ཐག་གཅོད་བྱེད་སྟངས་གང་རུང་དང་ལེན་བྱེད་ཀྱི་མིན་ལ་ཀྲུང་གོར་བཙན་དབང་བཏང་བའི་ཐག་གཅོད་ཇུས་གཞི་གང་རུང་ཡང་དང་ལེན་བྱེད་ཀྱི་མིན། རྩོད་གཞིས་་ཁེངས་པ་དང་དྲང་སྙོམས་མིན་པའི་གནས་སྐབས་འདུམ་གཅོད་ཁྲིམས་ར་དེས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་གི་ཚབ་བྱེད་མི་ཐུབ་ལ་རྒྱལ་སྤྱིའི་དྲང་སྙོམས་དང་དྲང་བདེན་གྱི་ཚབ་དེ་བས་ཀྱང་བྱེད་མི་ཐུབ།

    བཞི་ནས་ཀྲུང་གོས་གྲོས་མོལ་བྱས་ནས་ཞི་བའི་སྒོ་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུར་མུ་མཐུད་འབད་བརྩོན་བྱས་ཏེ་ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན།

    རྒྱལ་སྤྱིའི་སྒྲིག་ལམ་གྱི་འཛུགས་སྐྱོང་པ་དང་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་པ་ཞིག་ཡིན་པའི་ཀྲུང་གོས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྟེན་ནས་ཐད་ཀའི་དོ་བདག་ཕྱོགས་དང་གྲོས་མོལ་བྱས་ཏེ་རྩོད་གཞི་ཞི་བའི་སྒོ་ནས་ཐག་གཅོད་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་དང་། རྒྱལ་ཁབ་ཁག་ལ་ཁྲིམས་ལྟར་དབང་བའི་མཚོ་ཐོག་དང་མཁའ་ཐོག་ནས་བསྐྱོད་པའི་རང་དབང་མུ་མཐུད་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། 《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》ཕྱོགས་ཡོངས་དང་ཕན་འབྲས་ལྡན་པའི་སྒོ་ནས་དོན་འཁྱོལ་བྱ་རྒྱུ་མ་ཟད་སྒྲོམ་གཞི་དེའི་འོག“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི”གྲོས་རིམ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱ་རྒྱུ་ཡིན།

    འདུམ་གཅོད་གྱོད་གཞི་དང་དེ་བཞིན་དེ་ལས་ཐོན་པའི་ངན་སེམས་ཁོག་བཅངས་ཀྱི་སྦིར་སྒྲོག་དང་ཆབ་སྲིད་ཀྱི་གྱོ་རྩེད་སོགས་ཀྱིས་ལྷོ་རྒྱ་མཚོའི་གནད་དོན་དེ་འགོག་རྒོལ་དེ་བས་ཛ་དྲག་གདོང་ཐུག་གི་ཉེན་ཁའི་གནས་སུ་བསྐྱལ་སྲིད། ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཕན་པ་རྩ་བ་ནས་མེད་ལ་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་དང་། ས་ཁུལ་རྒྱལ་ཁབ། རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་པོ་བཅས་ཀྱི་ཐུན་མོང་གི་ཁེ་ཕན་དང་འཚམ་མེད། ད་ཆ་ཟིང་སློང་བྱེད་སྤྱོད་དེ་མཇུག་སྒྲིལ་ནས་ཡང་དག་པའི་ལམ་བུའི་ཐོག་སྐྱོད་པའི་དུས་ལ་སླེབས་ཡོད།

    ཧྥི་ལི་ཕིན་སྲིད་གཞུང་གསར་པས་ཉེ་དུས་སྟོན་པའི་ཀྲུང་གོ་དབར་གྱི་ལྷོ་རྒྱ་མཚོའི་གནད་དོན་སྐོར་གྱི་གྲོས་མོལ་དང་སྐད་ཆ་ཤོད་རེས་སླར་གསོ་བྱེད་འདོད་ཡོད་པའི་རྣམ་འགྱུར་རབ་དང་རིམ་པར་ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་སྲིད་གཞུང་གསར་པས་བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ལེགས་སུ་གཏོང་འདོད་ཡོད་པའི་གཞུང་དྲང་གི་སེམས་པ་དང་། ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་སྐྱོད་པ། མི་མཐུན་ས་ཐག་གཅོད་འོས་འཚམ་བཅས་བྱས་ནས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་གང་མགྱོགས་སྐྱོན་བྲལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་མཐོང་འདོད་འདུག

    མཇུག་ཏུ། ངས་བསྐྱར་བཤད་བྱེད་དགོས་པ་ནི། མཐའ་འཁོར་རྒྱལ་ཁབ་ཀྱི་ཁྱིམ་མཚེས་མཛའ་གྲོགས་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོས་རྒྱུན་བསྲིང་ལྷོད་མེད་བྱེད་པའི་སྔོན་གཏན་འཁེལ་བའི་བྱེད་ཕྱོགས་ཤིག་དང་། ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ནི་ཀྲུང་གོས་སྒྲུབ་དགོས་པའི་རྒྱལ་སྤྱིའི་འགན་འཁྲི་ཞིག ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་གདམ་ག་ཞིག་བཅས་ཡིན། ཀྲུང་གོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱེད་པ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་གི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་མུ་མཐུད་འབུལ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།