ཟླ་7ཚེས་10ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་ཞིང་ལས་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”ཞིང་ལས་བོད་སྐྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། “ལོ་ལྔ་ཚན་བཅུ་གསུམ་པའི”ཞིང་ལས་བོད་སྐྱོར་ལས་དོན་ལ་ཞིབ་འཇུག་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རོགས་སྐྱོར་དེ་བས་ལེགས་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
རྒྱལ་ཁབ་ཞིང་ལས་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཧན་ཁྲང་ཕུའུ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཤིས་ཚིག་གསུངས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། རྒྱལ་ཁབ་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ལི་ཅ་དབྱང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཝང་རུའེ་ལན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་ཤིའུ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་དབང་སྟོབས་རྒྱལ་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད། རྒྱལ་ཁབ་ཞིང་ལས་པུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་པུའུ་ཀྲང་གཞོན་པ་ཡུས་ཤིན་རུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཧན་ཁྲང་ཕུའུ་ཡིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཞིང་ལས་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་ནས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ཞིང་ལས་བོད་སྐྱོར་གྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”ཞིང་ལས་བོད་སྐྱོར་ལས་དོན་ལེགས་པར་སྒྲུབ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བོད་ཀྱི་ཞིང་འབྲོག་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་གཙོ་རྐང་དུ་བྱེད་པ། ནུས་ཤུགས་ཡོད་རྒུས་སྣོད་བཅུད་འགན་ལེན་དང་། རྨང་གཞི་བརྟན་གཏོང་། ཐོན་ལས་དར་རྒྱས། མ་ལག་སྟོབས་ཆེ། འབབ་འཕར་ལ་སྐུལ་འདེད་བཅས་གཏོང་བ། ཁོངས་གཏོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་འབྲོག་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རོགས་རམ་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱིས་དུས་བཀག་བཞིན་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་དང་རྒྱལ་ཁབ་ཀྱི་སྣོད་བཅུད་དང་བདེ་འཇགས་སྲུང་ཡོལ་གཏོད་ཆེད་རོགས་སྐྱོར་ནུས་ལྡན་བྱེད་དགོས། “མངོན་གསལ་དོད་པོ་ལྔ་དང་སྐུལ་འདེད་ལྔ”ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། སྣོད་བཅུད་སྲུང་སྐྱོང་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཞིང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་མཐོའི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེ་རུ་གཏོང་བ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱེད་པ། ཚན་རྩལ་གྱི་འདེགས་སྐྱོར་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཞིང་འབྲོག་ལས་ཀྱི་ཞབས་ཞུའི་འགན་ལེན་མ་ལག་འཐུས་ཚང་ཡོང་བ་བྱེད་པ། སྒྱུར་བཅོས་གསར་གཏོད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་ཞིང་ལས་པུའུ་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིང་ལས་སྡེ་ཚན། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་ཀྱིས་བོད་ཀྱི“ཞིང་གསུམ”ལས་དོན་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཁྲེན་ཆོན་གོས“ཞིང་གསུམ”ལས་དོན་ལེགས་པར་སྒྲུབ་རྒྱུ་དེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ངོས་ནས་བརྗོད་ཚེ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་འགོ་ཁྲིད་འོག་རྒྱལ་ཁབ་ཞིང་ལས་པུའུ་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིང་ལས་སྡེ་ཚན། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཉེ་ལམ་ལོ་ཤས་རིང་བོད་ཀྱི“ཞིང་གསུམ”ལས་དོན་ཏན་ཏིག་སྤེལ་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་ཞིང་འབྲོག་ལས་ལ་ཐོན་འཕར་དང་། ཞིང་འབྲོག་པར་འབབ་འཕར། ཞིང་འབྲོག་ཁུལ་བརྟན་ལྷིང་བཅས་བྱུང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ལས་ལྷག་པའི་ངང“ཞིང་གསུམ”ལས་དོན་ལ་མཐོང་ཆེན་བྱས་ནས་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན། རྒྱལ་ཁབ་ཞིང་ལས་པུའུ་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིང་ལས་སྡེ་ཚན། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་ཀྱིས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ནས་ཀྱི་སོན་བཟང་གྱི་ཁ་གསབ་རོགས་དངུལ་དང་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ཀྱི་རོགས་དངུལ་བྱ་དགའ་སྤྲོད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་རོགས་སྐྱོར་ནུས་ལྡན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།