གསར་འགོད་པས་ཚེས་10ཉིན་འཚོགས་པའི་རྒྱལ་ཡོངས་ཞིང་ལས་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཞིང་ལས་ཁོངས་གཏོགས་ཀྱི་མཉམ་ཤུགས་སྐུལ་འདེད་འོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཞིང་འབྲོག་པའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད། 2015ལོར་རང་སྐྱོང་ལྗོངས་ཀྱི་ཞིང་ལས་དང་། འབྲོག་ལས། ཉ་ལས་བཅས་གསུམ་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་150ཟིན་ནས་2010ལོ་ལས་32.6%འཕར་བ་དང་། བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་ནས་2010ལོ་ལས་ལྡབ་གཅིག་འཕར་ཡོད་པ་རེད།
ཞིང་ལས་པུའི་འབྲེལ་ཡོད་འགན་ཁུར་བས་ཞིང་ལས་བོད་སྐྱོར་གྱི་ལས་དོན་ནི་རྒྱལ་ཡོངས་ཀྱིས་བོད་ཀྱི་ལས་དོན་ལ་རོགས་སྐྱོར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ཞིང་འབྲོག་ལས་ནི་བོད་ཀྱི་འབྱོར་འབྲིང་གི་རྨང་གཞི་དང་། འཕེལ་རྒྱས་ཀྱི་རྩ་བ། བརྟན་ལྷིང་གི་གཙོ་གནད་བཅས་ཡིན་པས་ཞིང་ལས་བོད་སྐྱོར་གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དེ་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་དང་། ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་། ཡུན་རིང་བདེ་འཁོད་འགན་ལེན་བཅས་ཡོང་བའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཞིང་ལས་པུས《བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་འཆར་འགོད(2012ལོ་ནས་2020ལོའི་བར)》སོགས་ཀྱི་འཆར་འགོད་བཏིང་ནས་ས་གནས་དེ་གའི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་མཛུབ་ཁྲིད་བྱས་ཡོད་པ་རེད། སྲིད་ཇུས་ཐད་ནས་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་རིམ་རྩིས་ལྟར་ན། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་149བཀོད་སྒྲིག་བྱས་ནས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ་5.4ཡིན་པ་དང་། ད་དུང་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ནས་དང་། འབྲི་གཡག ཞོག་ཁོག་སོགས་ཀྱི་དམིགས་བསལ་ཁ་གསབ་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱས་ཡོད་པ་རེད། ཚན་རྩལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་ཞིང་ཁུལ་གྱི་རྫོང་དང་ཤང་རིམ་པ་གཉིས་ལ་ཞིང་ལས་ཚན་རྩལ་ཁྱབ་གདལ་སྒྲིག་གཞི་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་རིམ་རྩིས་ལྟར་ན། ལག་རྩལ་རིགས་གཅིག་མཁས་ཅན་དང་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་སོགས་བོད་སྐྱོར་ལས་བྱེད་པ་ཁྱོན་མི་21མངགས་གཏོང་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་གསོ་སྦྱོང་བྱ་རྒྱུ་ནས་འགོ་བརྩམས་ཏེ་ཞིང་འབྲོག་པའི་འཕེལ་རྒྱས་ཀྱི་ནང་ཐོན་སྒུལ་ཤུགས་འཕེལ་བར་བྱས་ནས་རིམ་རྩིས་ལྟར་ན། ཁྱོན་ཆེད་ལས་ཞིང་འབྲོག་པ་དཔེ་གསར་མི་ཐེངས་ཁྲི་4ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་ཞིང་པའི་མཉམ་ལས་ཁང་20རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་ལ་གཏན་འཁེལ་བྱས་ཡོད་པ་རེད།
གཞན་ཡང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཀྱང་ལས་དོན་འབོར་ཆེན་ཞིག་བསྒྲུབས་ཡོད་པ་སྟེ། ཅང་སུའུ་ཞིང་ཆེན་གྱིས་ལོ་ལྟར་སྒོར་ཁྲི་2000བཀོད་སྒྲིག་བྱས་ནས་བོད་བྱའི་རིགས་རྒྱུད་སྲུང་སྐྱོང་དང་ནས་སོན་གསོ་བ་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་དང་། ཧྲན་ཏུང་ཞིང་ཆེན་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་2400བཏང་ནས་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་བྱས་པ། ཨན་ཧུའེ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”བོད་སྐྱོར་ཞིང་འབྲོག་གི་རྣམ་གྲངས་ཀྱི་མ་དངུལ་དེས་རོགས་སྐྱོར་མ་དངུལ་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་བ། ཧྲང་ཧའེ་གྲོང་ཁྱེར་གྱིས་ཉོ་སྒྲུབ་ཚོང་པ་དང་བརྒྱུད་ཚོང་ཚོང་པ་སོགས་བོད་དུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ཏེ་ལོ་ལྟར་སྒོར་དུང་ཕྱུར་གཅིག་ཙམ་ཟིན་པའི་མངགས་ཐོར་མིང་རྟགས་བཀོད་ཡོད་པ་རེད། དེས་མ་ཚད་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རིམ་རྩིས་ལྟར་ན། ཁྱོན་བོད་ཀྱི་ཞིང་འབྲོག་པ་དང་ཞིང་ལས་ཚན་རྩལ་མི་སྣ་མི་ཐེངས་ཁྲི་5ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད་པ་རེད།
མིག་སྔར་བོད་ཀྱི་ཞིང་འབྲོག་ལས་དེ་ཉིད་སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་བསྒྱུར་བའི་འགག་རྩའི་དུས་མཚམས་སུ་གནས་ཡོད་མོད། འོན་ཀྱང་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། རྩྭ་ཐང་གི་སྣོད་བཅུད་ཞན་པ། ཞིང་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་རྐྱང་པ་ཡིན་པ་སོགས་ཀྱི་དཀའ་ངལ་སྔར་བཞིན་འཕྲད་ཡོད་པ་རེད། བོད་ཀྱི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་ཅུང་མགྱོགས་པོ་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ཚེ་སྔར་བཞིན་ཧེ་བག་ངེས་ཅན་ཡོད་པས་2020ལོར་སླེབས་སྐབས་2010ལོ་ལས་ལྡབ་གཅིག་ཡན་འཕར་བ་བྱེད་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བཅར་ཐུབ་པར་ད་དུང་དཀའ་ངལ་ཆེན་པོ་ཡོད་པ་རེད།