ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དེས་སྒྲིག་འཛུགས་བྱས་པའི“ཚོན་མདོག་སྣ་ལྔའི་ཡུན་ནན། ཡུལ་སྐོར་གྱི་ཞིང་ཁམས”—ཤམ་བྷ་ལའི་སྣོད་བཅུད་ཡུལ་སྐོར་ཁུལ་གྱི་རང་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་བའི་ཚོང་གཉེར་ཁྱབ་གདལ་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཡུལ་སྐོར་སྲིད་འཛིན་དོ་དམ་སྡེ་ཚན་དང་། ཡུལ་སྐོར་ཁེ་ལས། གསར་འགྱུར་སྨྱན་སྦྱོར་སོགས་ཚན་པས་ཐུན་མོང་ཐོག་ཚོགས་པ་བསྒྲིགས་ནས“སའི་གོ་ལའི་མཐའ་མའི་དག་ཞིང”བཙལ་འཚོལ་གྱིས། ཡུན་བོད་ཇ་རྟ་གནའ་ལམ་དུ་ཡང་བསྐྱར་བསྐྱོད་ནས་ཤམ་བྷ་ལའི་སྣོད་བཅུད་ཡུལ་སྐོར་ཁུལ་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་བྱེད་སྒོས་ལམ་བར་དུ་སློབ་སྦྱོང་བྱེད་ཞོར་སྨྱན་སྦྱོར་བརྒྱུད། ཚོན་མདོག་སྣ་ལྔའི་ཡུན་ནན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཁྱབ་སྤེལ་གཏོང་རྒྱུ་ཡིན་ཞིང་། ལམ་བར་དུ་སྨར་ཁམས་དང་། སྤོ་བོ། ཉིང་ཁྲི་བཅས་སུ་བཞུགས་མོལ་སྤེལ་རེས་བྱ་རྒྱུ་དང་། ལྷ་སར་ཡུན་ནན་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་འཚོག་རྒྱུ་རེད། དེ་དང་ཆབས་ཅིག་ཡུལ་དེའི་ཡུལ་སྐོར་སྡེ་ཚན་དང་། ཁེ་ལས། རང་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་བའི་སྤྲོ་སྐྱིད་ཁང་བཅས་ཀྱི་ཁོངས་མི་གདན་དྲངས་ནས་མཚམས་སྦྱོར་སྤེལ་རེས་ལ་ཞུགས་རྒྱུ་རེད།
“ཤམ་བྷ་ལའི་སྣོད་བཅུད་ཡུལ་སྐོར་ཁུལ”ལ“ས་གོ་ལའི་མཐའ་མའི་དག་ཞིང”ཞེས་ཀྱང་བརྗོད་པ་དང་། སྣོད་བཅུད་ཡུལ་སྐོར་ཐོན་ཁུངས་ཀྱི་རིན་ཐང་དང་སྤུས་ཚད་ཧ་ཅང་མཐོ་པོ་ཡོད་པས། དེ་ནི་ས་ཁོངས་དང་རྒྱལ་ཁབ། ཐ་ན་འཛམ་གླིང་ཡོངས་ཀྱི་རང་བྱུང་དང་རིག་གནས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་ཞིག་རེད། སྤུས་རྟགས་དེ་གཏོད་ཆེད། 2010ལོར་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་དང་། བོད་ལྗོངས་ཆབ་མདོ་ས་ཁུལ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བཅས་ས་ཁུལ་དང་ཀྲོའུ་4ཡི་ཡུལ་སྐོར་ཅུས་ཀྱིས་མཉམ་དུ་ཡུལ་སྐོར་འཐབ་ཇུས་གན་རྒྱའི་གྲོས་མཐུན་བཞག་ནས“ཤམ་བྷ་ལའི་སྣོད་བཅུད་ཡུལ་སྐོར་ཁུལ”བསྐྲུན་པ་རེད།
ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཤམ་བྷ་ལའི་སྣོད་བཅུད་ཡུལ་སྐོར་ཁུལ་ནི་རྒྱལ་ནང་གི་ཡག་ཤོས་དང་རྒྱལ་སྤྱིའི་གྲགས་ཅན་གྱི་འཛམ་གླིང་ཡུལ་སྐོར་དམིགས་སར་བསྐྲུན་རྒྱུ་དེ་ནི་སྔར་ནས་ད་བར་ཚང་མའི་ཐུན་མོང་གི་རེ་འདུན་དང་འགན་འཁྲི་རེད། ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཀྱི་ཤམ་བྷ་ལའི་སྣོད་བཅུད་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་མཉམ་འགུལ་ལམ་སྲོལ་འཛུགས་པ། ཐོན་ཁུངས་མཉམ་རོལ། ལེགས་ཆ་གསབ་རེས་བཅས་བྱ་རྒྱུ་ནི་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཡུལ་སྐོར་སྡེ་ཚན་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཚད་རེད་ཅེས་བཤད།