བང་གསོ་བ་ཟེར་བ་ནི་སྦྲུམ་མས་ཕྲུ་གུ་སྐྱེས་ཟིན་རྗེས་ཁྱིམ་དུ་ལུས་གསོ་བའི་དུས་ཚོད་ལ་ཟེར་ཞིང་། རྒྱུན་དུ་ཟླ་གཅིག་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན། འདི་ནི་སྦྲུམ་མའི་ལུས་ཁམས་གསོ་བའི་དུས་ཚོད་ཡིན་པས་ཕལ་ཆེར་གཟའ་འཁོར་དྲུག་ཙམ་དགོས་པས་གསོ་རིག་ཐོག་བང་གསོའི་དུས་ཟེར། སྦྲུམ་མའི་གཟུགས་གཞི་བདེ་ཐང་ཆེད། བང་གསོ་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ། འོན་ཀྱང་། མི་ལ་ལས་བང་གསོ་བའི་རིང་རྦད་དེ་ཉལ་ཁྲིའི་ཐོག་ཉལ་ནས་ངལ་གསོ་ཟླ་གཅིག་བརྒྱབ་སྟེ་ཕྲུ་གུ་འཁོར་བའི་སྐབས་དང་ཕྲུ་གུ་སྐྱེ་སྐབས་ཀྱི་ངལ་དུབ་རྣམས་སླར་གསོ་བྱེད་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་ནོར་འཁྲུལ་ཞིག་ཡིན། ཕྲུ་གུ་སྐྱེས་རྗེས་ཀྱི་ཐོག་མའི་ཆུ་ཚོད་24རིང་། ངེས་པར་དུ་ཉལ་ནས་ངལ་གསོ་དགོས། རྒྱུ་མཚན་ནི་ཕྲུ་གུ་སྐྱེས་རྗེས་ལུས་སྟོབས་ཉམས་པ་དང་། མངལ་ལམ་ལྷོད་དུ་འགྲོ་བ། ལུས་ཤུགས་མི་འདང་བ་དང་། ཁྲག་ཤོར་བ་སོགས་ཀྱི་མངོན་ཚུལ་བྱུང་སྲིད། འོན་ཀྱང་ཡིད་གཟབ་བྱས་པའི་རྨང་གཞིའི་ཐོག ཕྲུ་གུ་བདེ་བླག་ངང་སྐྱེས་ཟིན་པའི་སྦྲུམ་མས་ཕྲུ་གུ་སྐྱེས་རྗེས་ཀྱི་ཆུ་ཚོད་8དང་། གཤགས་བཅོས་བྱས་ནས་བཏོན་པའི་སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་ཀྱི་ཆུ་ཚོད་24སོང་རྗེས་ཉལ་ཁྲི་ནས་བབས་ཏེ་འགུལ་སྐྱོད་འོས་འཚམ་བྱེད་དགོས། དེས་ཕོ་རྒྱུའི་འགུལ་ཤུགས་དང་འཇུ་ནུས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། བུ་སྣོད་འཁུམས་རྒྱུར་ཡང་སྐུལ་འདེད་བཏང་བ་དང་གཤགས་བཅོས་ཟིན་རྗེས་མངལ་འབྱར་ལ་སྔོན་འགོག་བྱེད་ཐུབ། ད་དུང་སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་ཀྱི་ཁམས་བདེའི་ལུས་རྩལ་རྩེད་ནས་གཟུགས་བྱད་སླར་གསོ་ཡོང་རྒྱུར་སྐུལ་མ་གཏོང་དགོས།