དབུ་ཤོག>གསར་འགྱུར།
  • ཚན་རིག་དངོས་སྒྲུབ་ཀྱི་བོད་སྐྱོར་ལ་བརྟེན་ནས་ཆབ་མདོའི་བརྟན་ལྷིང་དང་འཕེལ་རྒྱས་ལ་རམ་འདེགས་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-08

    ལོ་གསུམ་རིང་། ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པས་བོད་ཤར་རྒྱུད་གྱི་ས་གཞི་ཆེན་མོར་འབད་བརྩོན་བྱས་ནས། ཆབ་མདོ་གྲོང་ཁྱེར་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་པའི་ཐེན་ཅིན་ཟམ་ཆེན་བརྒྱབ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་གཞི་ལྕི་བའི་ནད་པར་ལྟ་སྲུང་ཁང་བརྒྱབ་ནས་སྤྱོད་འགོ་ཚུགས་པ། ཆབ་མདོ་གྲོང་ཁྱེར་གྱི་ཏང་སྲིད་ལས་བྱེད་པ་དང་ལག་རྩལ་པ་300ལྷག་ཙམ་སྔ་རྗེས་སུ་ཐེན་ཅིན་ལ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བཏང་བ་སོགས་དགེ་བའི་ལས་མང་དུ་མཆིས།

    རྣམ་གྲངས་བོད་སྐྱོར་གྱིས་སྒུལ་ཤུགས་ཆེ་རུ་བཏང་བ།

    2015ལོའི་ཟླ་11ཚེས་26ཉིན། ཐེན་ཅིན་ཟམ་ཆེན་བརྒྱབ་ནས་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། “དེ་ནི་ཐེན་ཅིན་གྲོང་ཁྱེར་གྱིས་ཆབ་མདོར་ཁ་གཏད་རོགས་སྐྱོར་ལོ་21བྱེད་རིང་ཕྱོགས་རྐྱང་པའི་ལས་གྲྭའི་རྣམ་གྲངས་ཆེ་ཤོས་ཤིག་ཡིན་པར་ཁྱོན་མ་དངུལ་སྒོར་ཁྲི་8000ལྷག་ཙམ་བཏང་ཞིང་། ཟམ་ཆེན་བརྒྱབ་པ་དེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་འགྲོ་སྐྱོད་ཀྱི་དཀའ་གནད་རྦད་དེ་བསལ་ཡོད”ཅེས་ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པའི་སྣེ་ཁྲིད་པ་དང་། ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ཙུའུ་ཏ་ཞང་གིས་དེ་ལྟར་བཤད།

    2013ལོ་ནས་བཟུང་། ཐེན་ཅིན་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་གྱི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་དང་འབྲེལ་བ་དམ་ཟབ་བྱས་ནས། ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་བོད་སྐྱོར་རྣམ་གྲངས་ཁག་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྤྱི་འདོམས་བཀོད་སྒྲིག་བྱས་ནས། བོད་སྐྱོར་གྱི་གཙོ་གནད་རྣམ་གྲངས་འཆར་གཞི་ལྟར་སྒྲིག་འཛུགས་ལག་བསྟར་དང་རིམ་པས་དོན་འཁྱོལ་བྱས་ཏེ་བོད་སྐྱོར་ལས་ཀ་རྒྱུན་མཐུད་དང་བརྟན་པོ་ཡོང་བ་བྱས་ཤིང་། ལོ་གསུམ་རིང་འཆར་གཞིའི་ནང་དང་འཆར་གཞིའི་ནང་མིན་པའི་བོད་སྐྱོར་མ་དངུལ་སྒོར་ཁྲི་42000ལྷག་ཙམ་བཀོད་སྒྲིག་བྱས་ནས་བོད་སྐྱོར་རྣམ་གྲངས་80གཙོ་གནད་དུ་ལག་བསྟར་བྱས་ཡོད། ད་ཆ་ཁག་བདུན་པའི་བོད་སྐྱོར་རྣམ་གྲངས་ཆ་ཚང་འཆར་གཞི་ལྟར་ལེགས་གྲུབ་ཟིན་ནས་རྩིས་སྤྲོད་བེད་སྤྱོད་ཐུབ་ཡོདཔ་རེད།

    ལག་རྩལ་གྱི་ལེགས་ཆ་མུ་མཐུད་གནས་པར་བྱས་པ།

    ཐེན་ཅིན་གྲོང་ཁྱེར་གྱི་ལག་རྩལ་བོད་སྐྱོར་ལས་བྱེད་པ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཏུང་པའོ་ཡན་གྱིས་ས་གནས་ཀྱི་སྨན་བཅོས་ཆ་རྐྱེན་ཞན་པའི་འོག་སྨན་དོན་པ་སྒྲིག་འཛུགས་སྣེ་ཁྲིད་ཐེངས་མང་བྱས་ནས་མིད་པའི་ནང་དངོས་པོ་ཤོར་ནས་འགག་པའི་ཕྲུ་གུ་དང་། ཕྲུ་གུ་སྐྱེས་ནས་ཁྲག་མང་པོ་ཐོན་ཏེ་འཆི་ལ་ཉེ་བའི་སྦྲུམ་མ། བྲང་ཁོག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་དབུགས་ཀྱི་རྒྱུ་བ་ཆད་ཉེའི་འབྲོག་པ། བརྔ་བསྡུ་འཕྲུལ་འཁོར་གྱིས་མཇིང་རྩ་བཅད་པའི་བོད་རིགས་གཞོན་ནུ་སོགས་ནད་པ་མྱུར་སྐྱོབ་བྱས་པ་མ་ཟད། སྨན་དོན་པའི་སྣེ་ཁྲིད་དེ་ལག་རྩལ་གསར་པའི་ལས་ཀ་ཁག་བཅུ་ལྷག་ཙམ་བསྒྲུབས་ནས་ས་གནས་ཀྱི་སྨན་བཅོས་ལག་རྩལ་ཐད་ཀྱི་སྟོང་ཆ་མང་པོ་གསབ་པ་རེད།

    ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པའི་ཁྲོད་ཆེད་ལས་ལག་རྩལ་ལྡན་པའི་ལས་བྱེད་པས་གཙོ་བོར་བཟུང་ནས་ནུས་པ་ཆེན་པོ་བཏོན་ཡོད་ལ། དུས་རིང་གི་བོད་སྐྱོར་ལག་རྩལ་པ་ཡིན་ནའང་འདྲ་ཡང་ན་དུས་ཐུང་ཆེད་ལས་ལག་རྩལ་གྱི་བོད་སྐྱོར་ལས་བྱེད་པ་ཡིན་ནའང་འདྲ། གང་ལྟར་ཁོང་ཚོས་བོད་སྐྱོར་བྱེད་རིང་། རང་ནུས་ཅི་ཡོད་བཏོན་ནས་རང་རང་སོ་སོའི་ལས་གནས་ཐོག་རྩལ་ནུས་བཏོན་ཏེ་བོད་སྐྱོར་ལས་གནས་ཀྱི་རྐང་འཛིན་པར་གྱུར་པ་མ་ཟད། རང་ངོ་མས་དམར་ཁྲིད་བྱས་ནས་ས་གནས་ཀྱི་ལག་རྩལ་པ་ཁག་གཅིག་སྣེ་ཁྲིད་གསོ་སྦྱོང་བྱས་ཏེ། རང་སོ་སོའི་ཁྱབ་ཁོངས་ནང་རྒྱུན་གནས་ཐུབ་པའི་ལག་རྩལ་པའི་དཔུང་ཁག་ཅིག་བཞག་ཡོད།

    རིག་སྟོབས་བོད་སྐྱོར་ལ་བརྟེན་ནས་མཉམ་འདྲེས་ཡོང་བ་བྱས་པ།

    ཙུའུ་ཏ་ཞང་གིས“སྤེལ་རེས་མཉམ་ལས་བྱ་རྒྱུ་ནི་ཁ་གཏད་བོད་སྐྱོར་ལས་ཀའི་དོན་དངོས་བླང་བྱ་དང་ནུས་ལྡན་ཐབས་ལམ་ཞིག་ཡིན་ལ། བོད་རིགས་ས་ཁུལ་ལ་འཚམ་པའི་འཕེལ་རྒྱས་གཏོང་བའི་རང་ངོས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པས་རོགས་སྐྱོར་དང་མཉམ་ལས་ཟུང་འབྲེལ་བྱས་ཁར་སྦྲེལ་ཟམ་གྱི་ནུས་པ་ཧུར་ཐག་བཏོན་ནས། ཤེས་ལྡན་པའི་རིག་སྟོབས་བོད་སྐྱོར་ལ་སྐུལ་མ་བཏང་སྟེ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་ནས། ས་གནས་གཉིས་སྤེལ་རེས་མཉམ་འབྲེལ་ཡོང་བར་བྱས་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་བོད་ལ་སླེབས་པ་ནས་བཟུང་། ཐེན་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ལས་གྲུབ་པའི་ཚོགས་པ་20ལྷག་ཙམ་ཆབ་མདོར་བསྐྱོད་དེ། སྔ་རྗེས་སུ་རྟོག་ཞིབ་སྤེལ་རེས་དང་། ལག་རྩལ་ཞབས་ཞུ། ངོ་འཕྲད་གྲོས་མོལ་དང་རོགས་སྐྱོར་མཉམ་ལས་རྣམ་གྲངས་སོགས་གཉེར་ཡོད། ཆབ་མདོ་གྲོང་ཁྱེར་གྱི་ཏང་སྲིད་ལས་བྱེད་པ་དང་ལག་རྩལ་ཤེས་ལྡན་པ་300ལྷག་ཙམ་སྔ་རྗེས་སུ་ཐེན་ཅིན་ལ་འཚམས་འདྲི་རྟོག་ཞིབ་དང་སྤེལ་རེས་སློབ་སྦྱོང་བྱེད་པར་ཡང་ཕྱིན་ཡོད།

    2014ལོའི་ཟླ་5པར་བོད་ལྗོངས་ཆབ་མདོས་ཚོགས་པ་སྒྲིག་འཛུགས་ཐོག་མར་བྱས་ནས་ཐེན་ཅིན་གྱི“ངོ་འཕྲད་གྲོས་མོལ་འདུ་ཚོགས”ལ་ཞུགས་ཏེ། ཞིང་ཞོར་ཐོན་ཟོག་ལས་སྣོན་དང་། ལག་ཤེས་ཐོན་རྫས་ལས་སྣོན་སོགས་ཀྱི་ཁྱབ་ཁོངས་བཅུ་ལྷག་ཙམ་ལ་མཉམ་ལས་བྱ་རྒྱུའི་འདོད་མཐུན་བྱུང་ཞིང་། 2015ལོ་དང་2016ལོའི་ཐེན་ཅིན་ངོ་འཕྲད་གྲོས་མོལ་འདུ་ཚོགས་ལ་ཆབ་མདོ་གྲོང་ཁྱེར་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་མུ་མཐུད་ཞུགས་ཡོདཔ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།