“མཁའ་ལམ”ཞེས་འབོད་པའི་མཚོ་བོད་ལྕགས་ལམ་དེ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་ནས་ཉིན་3300ལྷག་ཙམ་ཕྱིན་ཏེ་གངས་ལྗོངས་ས་མཐོ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
2006ལོའི་ཟླ་7ཚེས་1ཉིན་རང་རྒྱལ་གྱི་ནུབ་རྒྱུད་ཐོན་སྐྱེད་ཆེ་མོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ཅིང་། ལོ་བཅུའི་རིང་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་དེས་མཚོ་སྔོན་ཞིང་ཆེན་དང་བོད་ལྗོངས་གཉིས་དང་ནང་ས་དམ་པོར་འབྲེལ་ཁར་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་མཆོང་སྐྱོད་ཀྱི་གཤོག་ཟུང་བསྒར་ཡོད།
འགྲིམ་འགྲུལ་གྱི་འཇུར་མིག་མེད་པ་བཟོས་ནས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།
བོད་ནི་དེ་སྔ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་འབའ་ཞིག་དེ་ཡིན་ཞིང་། མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་བོད་དུ་ལྕགས་ལམ་དང་། གཞུང་ལམ། མཁའ་ལམ་བཅས་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་ཅིག་ཆགས་ཡོད།
“ལོ་བཅུའི་གོང་ནང་སའི་ཁྲོམ་རར་བོད་ནས་ཐོན་སྐྱེད་བྱས་པའི་ཐོན་ཟོག་ཧ་ལམ་མཐོང་རྒྱུ་མེད། ད་ཆ་བདུད་རྩི་རྟགས་ཅན་གྱི་བོད་སྨན་དང་5100རྟགས་ཅན་གྱི་གཏེར་ཆུ་སོགས་བོད་ཀྱི་སྤུས་རྟགས་ཚོང་ཟོག་ནང་སའི་གྲོང་ཁྱེར་མང་པོར་མཐོང་རྒྱུ་ཡོད་ལ། ཐོན་ཟོག་ལ་ལ་ཕྱི་རྒྱལ་དུའང་འཚོང་གི་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་ལིའུ་ཅ་ཅེས་དེ་ལྟར་བཤད་བྱུང་།
མཚོ་སྔོན་ཚྭ་འདམ་གཤོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ཐོན་ལས་འཕེལ་རྒྱས་པུའི་ཁོའོ་ཀྲང་གཞོན་པ་ཙའོ་ཞུང་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཚྭ་འདམ་གཤོང་སའི་དཔལ་འབྱོར་ཚོད་ལྟའི་ཁུལ་གྱིས་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་1629.71བཏང་བས་ད་ཆ་ཁེ་ལས་487ཡོད་པའི་ཚྭ་མཚེའུ་ཡི་རྫས་འགྱུར་བཟོ་ལས་དང་། ལྕགས་རིགས་བཙོ་སྦྱང་། ཁྱད་ལྡན་སྐྱེ་དངོས་ཐོན་ལས། ནུས་རྒྱུ་གསར་པ་སོགས་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་སྦྲེལ་ཐག་དང་གཙོ་ཁྲིད་ཐོན་ལས་སྒྲོམ་གཞི་རིམ་གྱིས་ཆགས་ཡོད་ཅེས་ངོ་སྤྲོས་བྱས།
ད་ཕན་ལོ་ཤས་རིང་ཀྲུང་གོ་གསེར་ཚོགས་པ་དང་། སི་ཁྲོན་ཧུང་ཏ་ཚོགས་པ། ཅིའུ་ཆོན་ལྕགས་དང་ངར་ལྕགས་རྒྱུ་ཆ་ཚོགས་པ། ཧང་ཀྲོའུ་ཝ་ཧྭ་ཧྭ་ཚོགས་པ་སོགས་ཁེ་ལས་ཆེ་གྲས་ཁག་གིས་བོད་དུ་མ་འཇོག་བྱས་ཤིང་། འདི་ལོའི་ཟླ་6་པའི་ཟླ་འགོར་མོང་ཉིའུ་ཚོགས་པས་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་ནས་ལྷ་སར་འཛམ་གླིང་ན་ས་བབ་མཐོ་ཤོས་ཀྱི་བཞོན་མ་ར་བ་དང་ལས་སྣོན་བཟོ་གྲྭ་བཙུགས་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། 2006ལོ་ཚུན་བོད་ཀྱི་ཟོག་འདྲེན་ལས་འགན་གྱི་75%མཚོ་བོད་ལྕགས་ལམ་གྱིས་བསྒྲུབས་ཀྱི་ཡོད་པ་དང་། ལྕགས་ལམ་ནས་སྐྱེལ་འདྲེན་བྱེད་ཚད་དེ་རླངས་འཁོར་ལས་ལྡབ་40ལྷག་ཙམ་གྱིས་མང་བར་བརྟེན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁྲོམ་ར་གྲ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།
ལྗང་མདོག་གི་སྒུལ་ཤུགས་སྐྱེད་སྲིང་བྱས་ནས་དམངས་ཕྱུག་ལས་དར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྣེ་འཁྲིད་པ།
ཉེ་བའི་ལོ་ཤས་རིང་། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་གཞིས་ལྕགས་ལམ་གྱི་མཐའང་ཚུགས་ཏེ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་སྣོད་བཅུད་དང་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་བཟང་པོར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་18ཚང་མས་མཉམ་དུ་རྒྱལ་ཁབ་རིམ་པའི་སྐྱེ་ལྡན་སྣོད་བཅུད་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། གམ་པའི་ལུག་དང་གྲོ་མོའི་མོག་རོ་སོགས་ཞིང་འབྲོག་ཐོན་རྫས་27ལ་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་རྟགས་ལག་ཁྱེར་ཐོབ་ཡོད། གམ་པའི་ལུག་གི་དཔལ་འབྱོར་ཁུལ་ཁོ་ན་ནས་ཡོང་འབབ་སྒོར་དུང་ཕྱུར་9ཙམ་རག་གི་ཡོད་པ་རེད།
“ཕྱི་རྒྱལ་དུ་བསྐྱོད་སླ་བ་དང་བོད་དུ་བསྐྱོད་དཀའ་བ”དེ་ནི་མཚོ་བོད་ས་མཐོའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོར་ཡུག་གི་གནས་ཚུལ་དངོས་ཤིག་ཡིན། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པར་བརྟེན་མཚོ་བོད་ས་མཐོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགྲིམ་འགྲུལ་གྱི“འཇུར་མིག”མེད་པ་ཆགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་མེ་འཁོར་བསྡད་ནས་བོད་དུ་ཡུལ་སྐོར་བྱེད་པར་ཡོང་གི་ཡོད།
“མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ཐོག་མའི་ཇུས་འགོད་ནི་ཟོག་འདྲེན་མེ་འཁོར་5དང་འགྲུལ་སྐྱེལ་མེ་འཁོར་2ཡིན་པ་དང་། ད་ཆ་ཟོག་འདྲེན་མེ་འཁོར་10ཡོད་ཀྱང་ཟོག་འདྲེན་དགོས་མཁོ་སྐོང་ཐུབ་ཀྱི་མེད། ད་ཆ་འགྲུལ་སྐྱེལ་མེ་འཁོར་6ཡོད་ཀྱང་ཡུལ་སྐོར་བ་མང་བའི་དུས་སུ་སྔར་བཞིན་སྤ་སེ་དཀོན་པོ་འདུག”ཅེས་མཚོ་བོད་ལྕགས་ལམ་ཀུང་སི་གོར་མོ་མེ་ལས་འཁོར་དོན་དུམ་བུའི་ཏོན་ཀྲང་གཞོན་པ་དབྱང་ཧྲུའུ་མིང་གིས་དེ་ལྟར་བཤད་བྱུང་།
མཚོ་བོད་ལྕགས་ལམ་བསྐྲུན་པས་མཚོ་སྔོན་དང་བོད་ཀྱི་ཞིང་འབྲོག་ཁུལ་འཕེལ་རྒྱས་འགྲོ་རྒྱུར་ཚོང་དོན་གྱི་གོ་སྐབས་ཆེན་པོ་འཕྲད་པ་མ་ཟད། འགྱུར་ལྡོག་ཡང་ཆེན་པོ་བྱུང་ཡོད། ལྕགས་ལམ་རྒྱུད་ཀྱི་མང་ཚོགས་ཚོས་མཚོ་བོད་ལྕགས་ལམ་སྐྱེལ་འདྲེན་ཁྲོམ་རའི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་གཉེར་ཡོད།
བོད་ཀྱི་མཁར་དང་པོར་གྲགས་པའི་ཡུམ་བུ་བླ་མཁར་གྱི་གཤམ་དུ་ལོ་62ལ་སླེབས་པའི་བགྲེས་སོང་སྐལ་བཟང་གིས་ཉིན་ལྟར་རང་ཉིད་ཀྱི་རྟ་ཁྲིད་ནས་ཡུལ་སྐོར་བ་ཕར་སྐྱེལ་ཚུར་སྐྱེལ་བྱས་ཏེ་ཡོང་འབབ་གསོག་གི་ཡོད། “ད་ཆ་ཡུལ་སྐོར་བ་མང་དུ་ཕྱིན་པར་བརྟེན་ཉིན་ལྟར་ཉུང་མཐར་ཡང་ཡོང་འབབ་སྒོར་300རག་གི་འདུག”ཅེས་བཤད་བྱུང་།
ད་ལྟ་བོད་དུ་བགྲེས་སོང་སྐལ་བཟང་ལྟར་ཡུལ་སྐོར་ལས་རིགས་ནང་ཞུགས་མཁན་མང་ཚོགས་ཁྲི་32ཡོད་པའི་ནང་ཞིང་འབྲོག་མང་ཚོགས་ཁྲི་10ལྷག་ཙམ་ཡོད་པ་དང་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཟིན་གྱི་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཡུལ་སྐོར་སྡེ་ཚན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2015ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2018ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་282བཏོད་པ། མཚོ་སྔོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་248བཏོད་ཡོད།
ནང་གནས་ཀྱི་སྒུལ་ཤུགས་ལ་བརྟེན་ནས་ཐོན་ལས་རིམ་སྤོར་གྱིས་འཕེལ་རྒྱས་དོན་གཉེར་བྱས།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་མཚོ་བོད་ལྕགས་ལམ་གྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པར་བརྟེན་ནས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་བ་དང་། ཐོན་ལས་ཀྱི་འཕེལ་རྒྱས་མྱུར་པོར་བརྟེན་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་མ་ལག་ནང་མགྱོགས་མྱུར་ཞུགས་པ་མ་ཟད། “རང་བརྟེན་འཕེལ་རྒྱས”ནུས་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ས་མཐོའི་ལེགས་ཆའི་ཁྱད་ལྡན་གཏེར་ཐོན་དང་། བོད་ལུགས་གསོ་རིག་དང་བོད་སྨན། ཡུལ་སྐོར། རང་བྱུང་འཐུང་ཆུ་སོགས་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཡོད།
མཚོ་བོད་ལྕགས་ལམ་མཚོ་སྔོན་ས་ཚིགས་སུ་དེང་རབས་ཀྱི་བཟོ་ལས་གླིང་གསར་པ་ཞིག་བསྐྲུན་ཡོད་པ་དེ་ནི་བོད་དང་མཚོ་སྔོན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་མཉམ་ལས་བྱས་ནས་བསྐྲུན་པའི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་ཡིན། ཕྱོགས་གཉིས་པོའི་བསམ་འཆར་གཅིག་མཐུན་གཞིར་བཟུང་། གླིང་འདི་ཉིད་ཁྱད་ལྡན་གཏེར་ཐོན་ལས་སྣོན་དང་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཐོན་ལས་ཆེན་པོ་གཉིས་བསྐྲུན་རྒྱུ་གཙོ་ཁྲིད་དུ་བྱས་ནས། འཁོར་རྒྱུག་དཔལ་འབྱོར་ཐོན་ལས་དང་ཟོག་འགྲེམ་ཚོང་དོན་ཐོན་ལས་འདེགས་སྐྱོར་དུ་བྱེད་པའི“གཞི་གཅིག་གཤོག་ཟུང་གཉིས”ཀྱི་ཐོན་ལས་མ་ལག་བསྐྲུན་རྒྱུ་ཡིན་པ་རེད།
2015ལོའི་ལོ་མཇུག་བར་བོད་དང་མཚོ་སྔོན་བཟོ་ལས་གླིང་གིས་རིམ་རྩིས་བྱས་ན། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་35.7བཏང་བ་དང་ད་ཆ་ཁེ་ལས་174ཡོད་པ་རེད། འཛམ་གླིང་རབ་གྲས་500པའི་ཅང་ཤིས་ཟངས་ལས་དང་། ཀྲེ་ཅང་ཐན་ནེང་ཚོགས་པ། ཀྲུང་གོ་ཨན་ཧྭ་ཚོགས་པ་སོགས་ཁྲོམ་སྟོན་ཀུང་སི་དང་ཀྲུང་དབྱང་ཁེ་ལས་ཆེ་གྲས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་བཟོ་ལས་གླིང་ནང་ཞུགས་ཡོད་པ་རེད།
2009ལོའི་ཟླ་བརྒྱད་པར། མཚོ་བོད་ལྕགས་ལམ་གྱི་ལྷན་སྦྱར་ལས་གྲྭ་གཙོ་བོ་ཡིན་པའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་དེང་རབས་ཅན་གྱི་ཟོག་འགྲེམས་ལྟེ་གནས་མཚོ་བོད་ལྕགས་ལམ་ནག་ཆུ་ཟོག་འགྲེམས་ལྟེ་གནས་སྤྱོད་འགོ་ཚུགས་ཤིང་། ཉེ་བའི་ལོ་ཤས་རིང་ནག་ཆུ་ཟོག་འགྲེམས་ལྟེ་གནས་ཀྱིས“ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་སྟོན་ཚོགས”དང་། “པེ་ཅིང་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་སྤེལ་རེས་ཚོགས་པ” “བོད་ལྗོངས་སྟོན་ཚོགས”བཅས་ཚོང་འགུག་མ་འདྲེན་བརྒྱུད་མིག་སྔར་རིམ་རྩིས་བྱས་ན། ཁེ་ལས་129ནང་འདྲེན་བྱས་པ་དང་ཁེ་ལས་83ཐོ་བཀོད་བྱས་པའི་ཐོ་བཀོད་མ་རྩ་སྒོར་དུང་ཕྱུར་13.6ཟིན་ཡོད་པ་རེད།