དབྱར་གཞུང་དུ་ཧུའུ་པེའི་ས་གཞི་ཡོངས་སུ་ཚ་བ་ཆེ་ཤོས་ཀྱི་ནམ་དུས་འཆར། ཟླ་6ཚེས་26ཉིན་པའེ་ཡུན་ཁྲུང་ཁྲུང་སེར་པོ་འཚོ་གནས་བྱ་ཡུལ་དང་མཛེས་སྡུག་ལྡན་པའི་མཚེའུ་ཤར་གྱི་ངོགས་སུ“ཧུའུ་པེའི་མི་དམངས་ཀྱིས་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་བའི”ཞལ་འདེབས་རྒྱག་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད།
བོད་ལྗོངས་ཇོ་རིའི་འཁྱགས་རོམ་ཆུའི་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཡར་ལྷ་ཤམ་པོ་ཁེ་ལས་ཚད་ཡོད་ཀུང་སི་སོགས་ཀྱིས་ཝུའུ་ཧན་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲ་བྱེད་མཁན་ལས་མི་དང་། འགྲིམ་འགྲུལ་ཉེན་རྟོག་ལས་རོགས་པ། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་བཅས་ལ“བོད་ཀྱི་ཆུ་བཟང”སྒམ་ཁྲི་3.6ཞལ་འདེབས་བརྒྱབ་ནས་ཚ་གདུག་ཁྲོད་ཀྱི་མི་རྣམས་ལ་གྲང་བསིལ་གྱི་སྣང་བ་སྦྱིན་པ་མ་ཟད། བོད་ཀྱི་མི་དམངས་རྣམས་ཀྱི་བརྩེ་སེམས་མཚོན་པའི“ཆུ་བཟང”མི་དེ་བས་མང་བས་སྤྱོད་ཐུབ་པ་བྱས་པ་རེད།
ད་ཐེངས་ཀྱི་ཞལ་འདེབས་རྒྱག་པའི་བྱེད་སྒོ་དེ“བོད་ཀྱི་ཆུ་བཟང”ཀྲུང་ཧྭ་དབུས་རྒྱུད་ས་ཁུལ་གྱི་ཆེད་དོན་འོས་སྦྱོར་བྱེད་སྒོའི་གྲས་ཤིག་ཡིན་པའི་ངོས་ནས་ཧུའུ་པེ་མི་དམངས་ལ་བཅངས་པའི་དྲིན་ཚོར་གྱི་བརྩེ་སེམས་མཚོན་ཡོད་ལ་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་དེ་བློ་བརྟན་འགྱུར་མེད་ངང“ཕྱིར་ཚོང་བྱེད་པའི”ཆོད་སེམས་ཡང་མཚོན་ཡོད་པ་རེད།
མིག་སྔར། ཆུ་ནི་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ཚེ་ཆེས་དཀོན་པའི་ཐོན་ཁུངས་ཤིག་ཡིན་ཞིང་། རྒྱལ་ནང་དུ་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་20ལྷག་ཙམ་ལ་ཆུ་མི་འདང་བའམ་ཡང་ན་ཆུ་ཧ་ཅང་དཀོན་པའི་གནས་ཚུལ་ཐོན་པས་རང་བྱུང་འཐུང་ཆུའི་དགོས་མཁོ་ཇེ་ཆེར་འགྲོ་གི་ཡོད། དེས་མ་ཚད་ཉེ་བའི་ལོ་ཤས་རིང་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་རྟག་ཏུ་ཐོན་གྱི་ཡོད་པས་འཛད་སྤྱོད་པའི་བདེ་འཇགས་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད་ལ། འཛད་སྤྱོད་པས་བདེ་འཇགས་འཐུང་ཆུར་དོ་ཁུར་དེ་བས་ཆེ་བ་བྱེད་པ་དང་། བདེ་འཇགས་དང་ལྷད་མེད་ཀྱི་འཐུང་བྱའི་འཛད་སྤྱོད་ཀྱི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།
རང་བྱུང་འཐུང་ཆུའི་ཐོན་ཁུངས་སྤུས་དག་དེ་དང་ཐོན་ལས་མཉམ་དུ་ཟུང་འབྲེལ་དམ་ཟབ་ཇི་ལྟར་བྱེད་དགོས་སམ། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་འབྲེལ “བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ཅེས་པའི་དམིགས་ཚད་བཏོན་ནས་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད་པ་རེད།
——2014ལོའི་ཟླ་11 ཚེས་27ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུས་མཉམ་འབྲེལ་ཐོག་མི་དམངས་ཚོགས་ཁང་ཆེ་མོར“བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ཅེས་བརྗོད་བྱ་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཆུ་ཚོད་10ལྷག་ཙམ་གྱི་ནང་དྲ་ཐོག་ཏུ་བལྟ་མཁན་མི་ཐེངས་ཁྲི་500ལྷག་ཙམ་ཟིན་ནས“བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ཅེས་པའི་བརྗོད་བྱ་གཙོ་བོ་མི་སེམས་སུ་ཟུག་ཡོད།
——2015ལོའི་ཟླ་12པར་ཅང་སུའུ་རུ་གཉེར་བའི“བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ཅེས་པའི་ཆེད་དོན་འོས་སྦྱོར་བྱེད་སྒོས་ཁེ་ལས་ཀྱིས་ཐོན་རྫས་འོས་སྦྱོར་དང་། དྲིལ་བསྒྲགས་ལ་ཤུགས་སྣོན། ཚོང་གཉེར་ལ་ཤུགས་སྣོན། ཁྲོམ་ར་རྒྱ་བསྐྱེད་བཅས་བྱ་རྒྱུར་རོགས་རམ་ཐུབ་ཡོད་པ་དང་། གྲོས་མཐུན་བཞག་པའི་ཕྱིར་ཚོང་བྱེད་ཚད་ཏུན་ཁྲི་14ཙམ་ཟིན་ནས“བོད་ཀྱི་ཆུ་བཟང”དེ་ཕྱིར་ཚོང་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་ཡོད།
——2016ལོའི་ཟླ་6ཚེས་6ཉིན་ཀྲུང་གོ་ལྕགས་ལམ་མྱུར་སྐྱེལ་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་རང་བྱུང་འཐུང་ཆུའི་ལས་རིགས་མཐུན་ཚོགས་ཀྱིས་ཟོག་འདྲེན་སྤྱིའི་འགན་གཙང་གི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་བོད་ཀྱི་རང་བྱུང་འཐུང་ཆུའི་ཟོག་འདྲེན་གྱི་འཇུར་མིག་གི་གནད་དོན་ཐག་གཅོད་བྱས་ནས“བོད་ཀྱི་ཆུ་བཟང”ཕྱིར་ཚོང་གང་མགྱོགས་ཐུབ་པ་བྱས་ཡོད།
“བོད་ཀྱི་ཆུ་བཟང”རང་འགུལ་ངང་ཕྱིར་ཚོང་བྱས་པར་ལྗོངས་ཕྱིའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད་ཅིང་། ཝུའུ་ཧན་གྲོས་ཚོགས་ལྟེ་གནས་ཀྱི་འོས་སྦྱོར་བྱ་ཡུལ་དུ་ཝུའུ་ཧན་གྱི་གྲོང་མི་ཝང་ལགས་ཀྱིས“བོད་ཀྱི་ཆུ་མཐོང་འཕྲལ་བོད་ཀྱི་གནམ་སྔོན་པོ་དང་། སྤྲིན་དཀར་པོ། གནས་རི་དང་བླ་མཚོ་བཅས་ཡིད་ལ་འཁོར་བྱུང་ལ། བོད་ཀྱི་ཆུ་བཏུང་པས་ང་རང་གི་སེམས་པའང་བོད་དང་ཐག་ཉེ་རུ་ཕྱིན་པའི་ཚོར་སྣང་བྱུང”ཞེས་གསར་འགོད་པར་བཤད་བྱུང་།
བོད་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུ་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཡོད་ཀྲེ་ཆང་གིས་གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་གཏེར་ཆུའི་ཐོན་ཁུངས་ལ་བརྟེན་པ་དང་། ཁྲོམ་ར་ཁྲིད་སྟོན་དུ་བྱེད་པ། སྒྱུར་བཅོས་གསར་གཏོད་དང་ཚན་རྩལ་ཡར་ཐོན་སྒུལ་ཤུགས་སུ་བྱེད་པ། གནས་ཚུལ་ལ་བསམ་གཞིག་དང་སྤུས་རྟགས་གཏོད་རྒྱུ་གཙོ་གནད་དུ་འཛིན་པ་བཅས་བྱས་ཏེ་ཁེ་ལས་ཀྱིས་ཧེ་བག་ཅན་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་དྲིལ་བསྒྲགས་རྒྱ་ཆེ་དང་། གྲགས་ཅན་ཚོང་རྟགས་གཏོད་པ། གཞི་ཁྱོན་ཆེ་རུ་གཏོང་བ། སྤུས་ཚད་ལ་དམ་འཛིན་བྱེད་པ། ཁྲོམ་ར་རྒྱ་བསྐྱེད་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་ནུས་ལྡན་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་བྱུང་འཐུང་ཆུའི་ཐོན་ཚད་ཏུན་ཁྲི་500ཡན་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་400ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།