དབུ་ཤོག>གསར་འགྱུར།
  • ཁྲོམ་རར་བྲིན་ཁ་རྒྱུག་པའི“ཐོབ་ཐང་ལག་ཁྱེར་ལྡན་པའི”ཚགས་ཤ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-29

    295149_yis_1466831459563.jpg

    འདི་ནི་འདི་ག་ཚགས་པར་གྱི་གསར་འགོད་པས་འདམ་གཞུང་རྫོང་ཀོང་ཐང་ཤང་ལ་རྒན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང(དཀྱིལ)ལ་བཅར་འདྲི་བྱེད་པ།

    295150_yis_1466831460124.jpg

     འདི་ནི་《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་བཀོད་པའི་གསར་འགྱུར་རྙིང་པ་ཡིན་པ།

    1961ལོའི་གོང་འདམ་གཞུང་རྫོང་ལ་རྒན་ཤང་ནི་འབྲོག་ལས་རྐྱང་པའི་ཤང་ཞིག་ཡིན་པ་དང་། 1988ལོར་ཀོང་ཐང་ཤང་དང་ཟླ་སྒྲིལ་བཏང་བ་རེད། ཉེ་ཆར། གསར་འགོད་པ་ཀོང་ཐང་ཤང་གི་འབྲོག་ལས་རྐྱང་པའི་གྲོང་ཚོ་སྟེ་ལ་རྒན་གྲོང་ཚོར་ས་གནས་ས་ཐོག་ཏུ་ས་ཆ་དེ་གའི་འབྲོག་ལས་སྤུས་རྟགས་ཀྱི་འཕེལ་རྒྱས་སྐོར་ལ་བཅར་འདྲི་བྱེད་པར་སྐྱོད་པ་ཡིན།

    ཁ་རྒྱུན་དུ་ཡུལ་སས་ཡུལ་གྱི་གྱང་ས་ཉན། ཡུལ་ཕབ་ཡུལ་གྱི་ཆང་རྩི་ཉན་ཞེས་པ་ལྟར། ལ་རྒན་གྲོང་ཚོའི་རྩྭ་ཐང་དུ་ལོ་རེའི་ཟླ་ལྔ་པར་རྩྭ་སྐྱེ་འགོ་ཚུགས་ནས་མུའུ་ཁྲི་22ལྷག་ཙམ་ཡོད་པའི་རྩྭ་ཐང་རིམ་བཞིན་སྔོ་ཐིང་ངེར་གྱུར་གྱི་ཡོད།

    རྩྭ་ཆུ་བཟང་ལ་འབྲི་གཡག་ཤ་ཤེད་རྒྱས་རུང་། འབྲོག་པ་མང་ཚོགས་ཚོར་བཤས་གཏོང་བ་དང་བྲིན་ཚོང་བྱེད་འདོད་མེད་པའི་ལྟ་བ་དེས། ལ་རྒན་གྲོང་ཚོའི་ཤ་ཤེད་རྒྱས་པའི་འབྲི་གཡག་མགོ་གྲངས་6000ལྷག་ཙམ་གྱི་གཟན་རྩྭའི་དགོས་མཁོ་རྩྭ་ཐང་དེ་ཁོ་ནས་སྐོང་ཐབས་བྲལ།

    ཀོང་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཞའོ་ཕིང་གིས་ཉེ་བའི་ལོ་ཤས་རིང་ཀོང་ཐང་ཤང་གིས་ཕྱོགས་ཡོངས་ནས་འབྲི་གཡག་རྒྱུད་པ་ལེགས་བཅོས་ཀྱི་ལག་རྩལ་ཁྱབ་གདལ་གཏིང་ཟབ་བཏང་ནས་འབྲི་གཡག་གི་ནད་འགོག་དང་གྲང་འགོག་ནུས་པ་ཆེ་རུ་བཏང་བ་དང་། རྒྱུད་པ་ལེགས་བཅོས་བྱས་རྗེས་འབྲི་གཡག་གི་གཟུགས་སྟོབས་དེ་བས་ཆེ་བ་དང་ཤའི་སྤུས་ཚད་དེ་བས་ལེགས་པོ་བྱུང་ཡོད། གཞན་ཡང་། འདི་ལོ་ཀོང་ཐང་ཤང་གིས་ད་དུང་འབྲོག་པར་བྱེ་འགྱུར་རྩྭ་ཐང་དང་མཚོ་ཁའི་གྲམ་ཐང་སོགས་ས་སྟོང་དུ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྒྱུར་སྐུལ་མ་ཤུགས་ཆེན་བཏང་བས་གཟན་རྩྭ་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། གང་འདྲ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆར་གཞི་ཚུགས་ནས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་རྒྱུའི་ཐད་འདམ་གཞུང་གི་མི་རྣམས་ཀྱིས་ནམ་ཞར་དུ་བསམ་གཞིག་བྱེད་ཀྱི་ཡོད་པ་རེད།

    ཧུའུ་ཞའོ་ཕིང་གིས་གསར་འགོད་པར“འབྲོག་ལས་ནི་འདམ་གཞུང་གི་འབྲོག་པའི་འཚོ་ཐབས་ཀྱི་རྨང་གཞི་ཡིན་པས་དོན་དེར་2015ལོ་ནས་བཟུང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཁ་དན་ཚིག་གནས་ཀྱིས‘ཐོབ་ཐང་ལག་ཁྱེར་ལྡན་པའི’ཚགས་ཤ་བཏོན་ནས་བོད་ཀྱི་ཚགས་ཤའི་ཁྲོད་ཀྱི་ལྷད་མེད་སྤུས་རྟགས་ཀྱི‘ས་གཙང་ཚགས་ཤ’ནུས་ཤུགས་ཡོད་རྒུས་བཏོན་པའི་བྱེད་ཐབས་དེར་འབྲོག་པ་མང་ཚོགས་ཚོའི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་བྱུང”ཞེས་བཤད།

    འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲེང་གིས“འདམ་གཞུང་རྫོང་གི་སྤྱི་ལེ་ངོས་གྲུ་ཁྲི་1.23ཡོད་པའི་རང་བྱུང་རྩྭ་ར་ནི་འདམ་གཞུང་ས་གཙང་ཀུང་སིའི‘ལས་སྣོན་ཁང’ཞིག་ཡིན་པ་དང་འབྲོག་པ་54321ནི་ས་གཙང་ཀུང་སིའི‘ལས་མི’ཡིན། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཁྲོམ་རར‘ཐོབ་ཐང་ལག་ཁྱེར་ལྡན་པའི’ཚགས་ཤ་འདོན་རྒྱུ་ཐག་བཅད་པ་དེ་ལས་འདམ་གཞུང་གི་ཚགས་ཤའི་མིང་བྱང་ཡག་པོ་སྲུང་སྐྱོབ་ཐུབ་པ་དང་། དུས་མཚུངས་རྩྭ་ཕྱུགས་དོ་སྙོམས་རྒྱུན་འཁྱོངས་དང་། རྩྭ་ཕྱུགས་ཀྱི་འགལ་བ་ཐག་གཅོད། བཤས་གཏོང་ཚད་མང་དུ་གཏོང་རྒྱུ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”ཅེས་བཤད།

    ལ་རྒན་གྲོང་ཚོའི་གྲོང་མི་བསོད་ནམས་ཚེ་རིང་ནི་“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ་ལས་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། རྡོ་རྗེ་ཚེ་རིང་བཟའ་ཚོར་ཕྲུ་གུ་7ཡོད་པ་དང་། འབྲི་གཡག་མགོ་གྲངས་15ཡོད། དེ་སྔ་ཆུང་མས་ཁྱིམ་དུ་ཕྱུགས་རིགས་འཚོ་བ་དང་ཕྲུ་གུ་འཚོ་སྐྱོང་བྱེད་པ་དང་། རྡོ་རྗེ་ཚེ་རིང་གིས་ཕྱིར་ཉིན་གླ་རྒྱུག་པར་ཕྱིན་ནས་ཁྱིམ་ཚང་གི་འགྲོ་གྲོན་ཁ་གསབ་བྱེད་ཀྱི་ཡོད། ལོ་གཉིས་གོང་དུ་རྡོ་རྗེ་ཚེ་རིང་འཁོར་རིགས་ཀྱི་ལས་འཛོལ་ཞིག་ལས་དབང་པོ་སྐྱོན་ཅན་དུ་གྱུར་ཏེ་ཁྱིམ་ཚང་དེ་དཀའ་ངལ་གྱི་གནས་སུ་ལྷུངས།

    བསོད་ནམས་ཚེ་རིང་གིས“དེ་སྔ་ལོ་མཇུག་ཏུ་རྡོ་རྗེ་ཚེ་རིང་གིས་རླངས་འཁོར་བོགས་མར་བླངས་ནས་འབྲི་གཡག་ལྷ་སར་འཚོང་བར་སྐྱོད་ཀྱི་ཡོད། འབྲི་གཡག་བཙོངས་པའི་དངུལ་གྱིས་རླངས་འཁོར་གྱི་བོགས་གླ་དང་། སྣུམ་རིན། ཁང་གླ་བཅས་སྤྲད་རྗེས་ཕྲན་ཙམ་ལས་ལྷག་གི་མེད”ཅེས་བཤད།

    རྡོ་རྗེ་ཚེ་རིང་གིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་ན་ནིང་གི་ལོ་མཇུག་ཏུ་ཁྱིམ་གྱི་འབྲི་གཡག་གཉིས་གྲོང་ཚོ་ཨུ་ལྷན་དུ་ཁྲིད་དེ་བཙོངས་པ་ཡིན། “དེ་སྔ་རང་ཉིད་ཕྱིར་ཚགས་ཤ་འཚོང་བར་སྐྱོད་སྐབས་ལག་དངུལ་སྒོར་བཞི་བརྒྱ་ལྔ་བརྒྱ་ཙམ་ལས་ལྷག་གི་མི་འདུག ན་ནིང་ལོ་མཇུག་ཏུ་རྫོང་ས་གཙང་ཀུང་སིས་ང་ཚོ་མང་ཚོགས་ཀྱི་ས་ནས་ཚགས་ཤ་ཉོ་སྐབས་ཁྲོམ་རའི་རིན་གོང་ལས་སྒོར་5ཙམ་གྱིས་མཐོ་བ་སྤྲད་པ་དེས་ང་ཚོའི་མ་གནས་གྲོན་ཆུང་ཐུབ་རྒྱུར་རོགས་རམ་ཐོབ་པ་མ་ཟད་ལག་དངུལ་ཡང་འབེལ་དུ་ཕྱིན་སོང་། གོམ་སྟབས་རྗེས་མར་ངས་འབྲི་གཡག་ཡག་པོ་གསོས་ནས་འདི་ལོ་འབྲི་གཡག་མགོ་གྲངས་གསུམ་ནས་བཞི་བར་བཤས་བཏང་སྟེ་ཡོང་འབབ་འཕར་བ་བྱ་རྒྱུ་ཡིན”ཞེས་བཤད།

    མིག་སྔར། འདམ་གཞུང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གསེར་ཡིག་བྱང་བུ“དྲ་སྦྲེལ་+”འཕེལ་རྒྱས་ཀྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ས་གཙང་ཀུང་སིར་བརྟེན་ནས་དྲ་མིག་གི་ཐད་འཚོང་ལས་སྟེགས་བཙུགས་པ་དང་། དུས་མཚུངས་ས་གཙང་ཀུང་སི་དེ་རྒྱལ་ཡོངས་ཀྱི་སྤྱིའི་ལས་ཚབ་ཏུ་བྱས་ནས་རྒྱལ་ནང་གི་རིགས་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་ཐོག་ཕྱིར་འཚོང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།