དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་གྲོང་འདབས་དཔལ་འབྱོར་འཕེལ་རྒྱས་བཏང་བའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-29

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་འདབས་ཀྱི་ས་ཁམས་ལེགས་ཆ་གང་ལེགས་སྤྱད་དེ་ཁྲོམ་ར་སྣེ་ཁྲིད་དུ་བྱས་ནས། སྔོ་ཚལ་དང་། ཤིང་འབྲས། མེ་ཏོག ཕྱུགས་ཟོག་སོགས་གཙོ་ཁྲིད་ཐོན་ལས་གཙོ་གནད་སྐྱེད་སྲིང་བྱས་པས། ཁྱད་ལྡན་ཐོན་ལས་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་ས་གཙང་བདེ་ཐང་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཏེ། ཞིང་འབྲོག་པའི་ཡོང་འབབ་ཟམ་མི་ཆད་པར་འཕར་ནས་གྲོང་འདབས་ཀྱི་དཔལ་འབྱོར་དམིགས་བསལ་གྱི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད།

    སྒྲིག་བཀོད་ཞིང་ལས་ཟམ་མི་ཆད་པར་རྒྱ་ཆེར་སོང་བ།

    སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཆེད་ལས་དུད་ཆེན་སྐྱེད་སྲིང་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས། སྣེ་འདྲེན་ཁེ་ལས་རྒྱ་སྟོབས་ཆེར་གཏོང་བ་བཅས་གཙོ་གནད་དུ་བྱས་ནས་ཞིབ་ལས་ཅན་དང་། ཆེད་ལས་ཅན། སྒྲིག་འཛུགས་ཅན། སྤྱི་ཚོགས་ཅན་བཅས་ཟུང་དུ་འབྲེལ་བའི་ཞིང་ལས་དཔེ་གསར་གྱི་གཉེར་སྐྱོང་མ་ལག་གང་མགྱོགས་བསྐྲུན་པས། “ཁེ་ལས་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ་གྱི”ཞིང་ལས་ཐོན་རྫས་ལས་སྣོན་ཐོན་ལས་འཕེལ་རྒྱས་དང་གཉེར་སྐྱོང་བྱེད་སྟངས་སྔར་བས་ལེགས་སུ་ཕྱིན་ཡོད། མིག་སྔར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཕག་པ་གསོ་སྤེལ་དང་། བོད་བྱ་གསོ་ཚགས། རྒྱ་སེ་མེ་ཏོག་འདེབས་པ་སོགས་ཀྱི་ཐོན་ལས་རྟེན་གཞི་10ལྷག་ཙམ་བསྐྲུན་པའི་སྒྲིག་བཀོད་ཞིང་ལས་ཀྱི་རྒྱ་ཁྱོན་མུའུ་5070ཟིན་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་འགྱིག་ཤོག་དྲོད་ཁང་དཀྱུས་མ་ནས་དེང་རབས་ཀྱི་རིག་ནུས་འགྱིག་ཤོག་དྲོད་ཁང་བར་རིམ་བཞིན་འཕེལ་རྒྱས་བཏང་སྟེ། དེ་སྔའི་སྔོ་ཚལ་ཁོ་ན་ནས་སྔོ་ཚལ་དང་། ཤིང་འབྲས། མེ་ཏོག སྨན་རྒྱུ་སོགས་སྣ་ཁ་མང་པོ་འདེབས་ཀྱི་ཡོད། གཉེར་སྐྱོང་བྱེད་སྟངས་ཀྱང་དུད་ཚང་རེ་རེའི་ཁ་ཐོར་གཉེར་སྐྱོང་ནས་གཞི་ཁྱོན་ཅན་དང་ཞིབ་ལས་ཅན་གྱི་གཉེར་སྐྱོང་ལ་བསྒྱུར་ནས། ཁྲེང་ཀོན་ཆུས་དང་། སྟོད་ལུང་། ཆུ་ཤུར། ལྷུན་གྲུབ་བཅས་གཙོ་གནད་དུ་བྱས་པའི་སྒྲིག་བཀོད་ཞིང་ལས་ཀྱི་ཐོན་ལས་རྟེན་གཞི་ཁག་གཅིག་གྲུབ་ཡོད། 2015ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་སྒྲིག་བཀོད་ཀྱི་རྒྱ་ཁྱོན་མུའུ་ཁྲི་1.77དང་ཐོན་ཚད་ཏུན་ཁྲི་15ཟིན་པ་དེ་2010ལོ་ལས་སོ་སོར་36.15%དང་90.3%འཕར་ཡོད།

    ས་གཙང་ཐོན་ལས་རྣམ་པ་རིམ་བཞིན་ཆགས་པ།

    ཆུ་ཤུར་རྫོང་གིས་སྨན་རྩྭ་མཱ་ཁ་དང་། རྒུན་འབྲུམ། བཟའ་བཅའི་རྒྱ་སེ་མེ་ཏོག་སོགས་ཚོད་འདེབས་ཁྱབ་གདལ་བདེ་བླག་བྱུང་ནས། ལྗོངས་ཡོངས་ཀྱི་སྣ་ཁ་གསར་པ་གཅིག་སྡུད་ནང་འདྲེན་གྱིས་ཚོད་འདེབས་ཁྱབ་གདལ་གྱི་སྔོན་བསྟར་ཁུལ་ཐོག་མ་དེར་གྱུར། གཞན་ཡང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ལ་སྨན་རྩྭ་མཱ་ཁ་དང་། ཁ་ཆེ་ཤ་སྐམ། རྒྱ་སེ་མེ་ཏོག་སོགས་ཞིང་ལས་དཔེ་གསར་ཅན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་གྱི་ཁེ་བེད་བདག་ཐོབ་ཁག་13འདུན་ཞུ་བྱས་པ་དང་། སྨན་རྩྭ་མཱ་ཁ་དང་། ཁ་ཆེ་ཤ་སྐམ། རྒྱ་སེ་མེ་ཏོག་སོགས་རྒྱལ་ཁབ་ཀྱི་ལག་རྩལ་ཁེ་བེད་བདག་ཐོབ་ཁག་5འདུན་ཞུ་བདེ་བླག་བྱུང་ཡོད། 2013ལོར་གྲོང་ཁྱེར་ཡོངས་ཀྱིས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ནས་བཟུང་། ཆུ་ཤུར་རྫོང་གིས་སྔ་རྗེས་སུ་མའོ་ཐའེ་ཚོགས་པ་དང་། ཐན་རུའེ་མཆོག་ནོར། ཕུགས་རེ་གསར་པའི་ཚོགས་པ་སོགས་ཁེ་ལས་10ལྷག་ཙམ་གྱི་ས་གཙང་བདེ་ཐང་ཐོན་ལས་རིགས་30ལྷག་ཙམ་ནང་འདྲེན་བྱས་པ་མ་ཟད། ཐོན་སྐྱེད་བདེ་བླག་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་སྦྲགས། ཞིང་འབྲོག་ཁྱད་ལྡན་ཐོན་ལས་རྣམ་གྲངས་96ལག་བསྟར་བྱས་པས། ནས་དང་། སྔོ་ཚལ། འབྲི་གཡག བོད་ཕག་བཅས་གཙོ་བོར་བྱས་པའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་རྣམ་པ་སྤྱིར་ན་རགས་ཙམ་ཆགས་ནས། ཁྱད་ལྡན་ཐོན་ལས་ཁུལ་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ་དང་ས་གཙང་བདེ་ཐང་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད།

    གྲོང་འདབས་དཔལ་འབྱོར་རིམ་བཞིན་འཕེལ་རྒྱས་སོང་བ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་འདབས་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། བོད་ཀྱི་ཆུ་དང་། ས་རྒྱུ། མཁའ་རླུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བཅས“སྦགས་བཙོག་མེད་པ་བཞིའི”དམིགས་བསལ་ལེགས་ཆར་བརྟེན་ནས། བཟའ་འཐུང་དང་། སྨན་རྫས། རྒྱན་ཆ་བཅས་སྣེ་འདྲེན་ཁེ་ལས་སུ་བྱས་པའི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། སྣེའུ་ཁུལ་གསར། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་། སྟག་རྩེ་རྫོང་བཟོ་ལས་གླིང་། ཆུ་ཤུར་རྫོང་བཟོ་ལས་གླིང་། སྟོད་ལུང་བདེ་ཆེན་ཆུས་བཟོ་ལས་གླིང་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་ཆ་ལག་ཚང་བ། ཟོག་འགྲེམས་སྡེབ་སྐྱེལ་སོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད།

    གྲོང་ཁྱེར་དང་གྲོང་འདབས་འབྲེལ་མཚམས་ཁུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཞིང་འབྲོག་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་གྲོང་ཁྱེར་རྒྱ་སྐྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཤང་གྲོང་ཁེ་ལས་དང་སྒེར་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དཔལ་འབྱོར་འཕར་གཞི་གསར་པར་བརྩིས་ནས་གཟིགས་སྐྱོང་སྲིད་ཇུས་བཟོས་པའི་ཁར། “ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པའི”བྱ་ཐབས་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་བྱས་ཏེ། མང་ཚོགས་ལ་མཉམ་གཉེར་དང་དུད་གཉེར་གྱི་ཤང་གྲོང་ཁེ་ལས་གཉེར་རྒྱུར་ལྕག་སྐུལ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཁྲེང་ཀོན་ཆུས་ཁོ་ནར་བཟོ་ལས་ཁེ་ལས་15དང་མི་རིགས་ལག་ཤེས་བཟོ་ལས་12ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།