དབུ་ཤོག>གསར་འགྱུར།
  • ད་ལོའི་ཚུན་དུ་ནག་ཆུ་ས་ཁུལ་གྱིས་དཔལ་འབྱོར་སྒྲིག་གཞིས་གཙོས་པའི་ཁྱབ་ཁོངས་ཁག་གི་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-06-22

    སྤྱི་ལོ་2016ལོའི་ཚུན་དུ།  ནག་ཆུ་ས་ཁུལ་གྱིས་གཙོ་གནད་ཐོག་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་ཁག་གི་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་བཏང་སྟེ།  འགག་གནད་སེལ་བ་དང་ཕྱོགས་ཡོངས་ལ་སྐུལ་སྤེལ་བཏང་བས་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན།  ད་ལོ།  ནག་ཆུ་ས་ཁུལ་གྱིས་མ་འཇོག་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས་ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེ་བས་གཟིགས་སྐྱོང་གི་སྲིད་ཇུས་བྱ་ཐབས་བཟོ་བ།  དེ་བས་ལེགས་པའི་གོང་འཕེལ་གྱི་ཁོར་ཡུག་གཏོད་པ།  དེ་བས་མང་བའི་མཉམ་ལས་སྟེགས་བུ་སྐྲུན་པ།  དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ།  ཐོ་འགོད་མ་རྩའི་རྗེས་འདོན་མ་འཇོག་ལམ་ལུགས་དང་།  སྔོན་ལ་ལས་གཉེར་ལག་ཁྱེར་དང་རྗེས་ལ་སྲིད་འཛིན་ཆོག་འཐུས་ལག་ཁྱེར་སྤྲོད་པ།  ལག་ཁྱེར་གསུམ་སྒྲིལ་དང་ཨང་རྟགས་ལོགས་འགོད་བཅས་ཀྱི་བསྒྱུར་བཅོས་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ནས་དེ་བས་མང་བའི་ཁེ་ལས་ནག་ཆུར་གཞིས་ཆགས་ཐུབ་པ་བྱས་ཏེ།  སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ནག་ཆུར་གྲ་རྒྱས་གོང་འཕེལ་དང་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཐོག་རིགས་ཁག་གི་ཁྲོམ་རའི་ཁེ་ལས་བརྒྱ་ཆ་10ཡན་འཕར་སྣོན་དང་དམངས་ཁྲོད་མ་འཇོག་བརྒྱ་ཆ་15ཡན་འཕར་སྣོན་ཐུབ་པ་བྱེད་རྒྱུ་རེད།

    དེ་དང་དུས་མཚུངས།  ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་གཞུང་ཁོངས་ཁེ་ལས་དང་སྤེལ་རེས་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས།  ལོ་ལྔ་ཚན་བཅུ་གསུམ་པའི་བོད་སྐྱོར་འཆར་འགོད་དང་ལོ་འཁོར་མོའི་བོད་སྐྱོར་འཆར་གཞི་བཟོས་ཏེ་ཕྱོགས་ཡོངས་ནས་དཔལ་འབྱོར་གྱི་བོད་སྐྱོར་དང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར།  ལས་ཞུགས་ཀྱི་བོད་སྐྱོར།  ཤེས་ལྡན་པའི་བོད་སྐྱོར།  ཐོན་ལས་ཀྱི་བོད་སྐྱོར་སོགས་ཀྱི་ལས་ཀར་སྐུལ་སྤེལ་བཏང་ནས་བོད་སྐྱོར་མ་འཇོག་སྒོར་དུང་ཕྱུར་6.2དོན་འཁྱོལ་ཐུབ་པ་བྱེད་རྒྱུ་དང་།  ཕྱོགས་ཡོངས་ནས་གཞི་རྩའི་རྩྭ་ཐང་དབྱེ་འབྱེད་གཏན་འཁེལ་ལས་དོན་ལ་སྐུལ་སྤེལ་བཏང་སྟེ་རྩྭ་ར་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་བྱེད་རྒྱུར་གོ་རིམ་ལྡན་པའི་སྐུལ་སྤེལ་བཏང་ཐོག  འབྲོག་ལས་གཉེར་སྐྱོང་མ་ལག་གསར་པ་འཛུགས་རྒྱུ་དང་བསྟུན་ནས་འབྲོག་ལས་གོང་འཕེལ་གཏོང་སྟངས་གང་མགྱོགས་འགྱུར་རྒྱུ།  དཔལ་མགོན་རྫོང་གི་རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟ་ཁུལ་འཛུགས་སྐྲུན་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ས་ཁུལ་དེ་ཡོངས་ཙམ་མ་ཟད།  ལྗོངས་ཡོངས་ཀྱི་འབྲོག་ཁུལ་བསྒྱུར་བཅོས་གོང་འཕེལ་ལ་དཔེ་སྟོན་ཁྱབ་གདལ་གྱི་ཉམས་མྱོང་ཡང་མཁོ་འདོན་བྱེད་རྒྱུ་བཅས་རེད།

    གཞན་ཡང་།  ནག་ཆུའི་ཟོག་འདྲེན་ལྟེ་གནས་དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་རྒྱུ་དང་ཆེད་དོན་ཚན་ཁག་སྒྲིག་འཛུགས་ཐོག་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་སྐྲུན་རྒྱུ་དང་།  གོར་མོའི་བོད་ལྗོངས་དང་མཚོ་སྔོན་བཟོ་ལས་གླིང་དང་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཟོག་འདྲེན་གླིང་དང་མཚོ་བོད་ལྕགས་ལམ་ཀུང་སི་གཞི་གཅིག་ཅན་གྱི་མཉམ་ལས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་གླིང་དེའི་གཏིང་ཤུགས་གང་ལེགས་འཕེལ་ཐུབ་པ་བྱེད་རྒྱུ་མ་ཟད།  ལོ་འདིའི་ནང་ཁེ་ལས་15ནང་འདྲེན་ཐུབ་པ་བྱས་ནས་ཟོག་འདྲེན་གླིང་དེ་ཐོན་སྐྱེད་གཞི་རྒྱུ་གཅིག་བསྡུས་ཀྱི་འཐབ་ཇུས་སྟེགས་བུ་ཞིག་དང་།  ས་ཁུལ་དེ་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་སྟོབས་ཆེའི་སྒུལ་ཤུགས་ཤིག  བོད་ཤར་རྒྱུད་དང་ནུབ་རྒྱུད་ལ་ཁྱབ་འགྱེད་བྱེད་པའི་གལ་ཆེའི་དངོས་ཟོག་བར་འགྲེམ་ས་ཚུགས་ཤིག་བཅས་སུ་ཧུར་ཐག་སྐྲུན་རྒྱུ་རེད།

    ནག་ཆུ་ས་ཁུལ་གནམ་མཚོ་མ་འཇོག་ཀུང་སིའི་ནུས་པ་འདོན་སྤེལ་བྱེད་པ་དང་རྒྱལ་ཁབ་ནས་གནང་བའི་བོད་ཀྱི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བཏང་ཐོག  སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་བཏོན་ཏེ་ཐབས་ལམ་མང་པོའི་ཐོག་ནས་ནུས་ལྡན་མ་འཇོག་རྒྱ་ཆེར་གཏོང་རྒྱུ་དང་།  ཀྲུང་གོ་དངུལ་ཁང་དང་བོད་ལྗོངས་དངུལ་ཁང་གི་ནག་ཆུ་ཡན་ལག་དངུལ་ཁང་འཛུགས་རྒྱུའི་ལས་ཀར་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།