འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་ལོ་ཞིག་ཡིན་ཞིང་། བོད་དེ་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་ཡིན་པའི་ངོས་ནས་དུས་ཐོག་ཏུ་ཁྱུ་ཚོགས་དབུལ་པོ་ཁྱོན་ཡོངས་ནས་དབུལ་སྒྲོལ་བྱེད་པའི་ལས་འགན་ཁ་ཚ་དགོས་གཏུགས་དང་དཀའ་ཚེགས་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་ལ་གསོན་ཤུགས་ཆེན་པོ་སྣོན་པར་རྒྱལ་ཁབ་ཀྱི་ཞིང་འབྲེལ་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ལག་ལེན་ཇི་ལྟར་བྱེད་དགོས་སམ། གནས་ཚུལ་དེར་དམིགས་ནས། རང་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་གཙོ་བོ་ཁག་གིས་སྟོབས་ཤུགས་གཅིག་སྡུད་ཐོག་ཞིང་འབྲེལ་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད་པ་རེད།
སྲིད་ཇུས་དོན་འཁྱོལ་འགན་ལེན་བྱས་པ།
2016ལོའི་ལོ་འགོར། དངུལ་ཁང་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་དངུལ་ཁང་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས། “བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་རྒྱབ་སྐྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར”བཏོན་ཁར། “ཞུགས་སླ་ཡང་དོ་དམ་ནན་པ”དང“རང་འགན་གཙང་སྒྲུབ་བྱས་ན་འགན་འཁྲི་མེད་པ”སོགས་ཀྱི་ཁྱད་པར་ཡོད་པའི་ལྟ་སྐུལ་དོ་དམ་བྱ་ཐབས་ཁ་གསལ་བཟོས་པ་མ་ཟད། 《བོད་རང་སྐྱོང་ལྗོངས་དངུལ་ཁང་ལས་རིགས་དང་དངུལ་རྩའི་ལས་ཁུངས་ཀྱིས“རྨང་གཞི་གཉིས་མཉམ་སྒུལ”གྱི་དབུལ་སྐྱོར་དངུལ་བུན་གཏོང་བའི་ལག་བསྟར་བསམ་འཆར》བཏོན་ནས་བོད་དུ་ཡོད་པའི་ལས་ཁུངས་ཁག་གིས་ཇུས་གཞི་འདིང་བ་དང་བྱ་ཐབས་ཞིབ་ཕྲ་བཟོ་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཞིང་འབྲེལ་སྲིད་ཇུས་ཁག་ལག་ལེན་ཡག་པོ་བསྟར་ཏེ་དངུལ་རྩའི་ཞབས་ཞུ་མཁོ་སར་འབྱོར་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་དང་། རང་སྐྱོང་ལྗོངས། མི་དམངས་དངུལ་ཁང་། དངུལ་ཁང་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱི་དངུལ་རྩའི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱིའི་བླང་བྱ་དང་ཞིབ་ཕྲའི་བཀོད་སྒྲིག་གཞིར་བཟུང་། ཞིང་ལས་དངུལ་ཁང་གིས་དུས་ཐོག་ཏུ“ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་དངུལ་རྩའི་དབུལ་སྐྱོར་ལས་ཀའི་འགོ་ཁྲིད་ཚོགས་ཆུང”དང“ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི‘རྨང་གཞི་གཉིས་མཉམ་སྒུལ’གྱི་ཡིད་རྟོན་དངུལ་བུན་གྱི་དངུལ་སྐྱོར་ལས་ཀའི་འགོ་ཁྲིད་ཚོགས་ཆུང”བཙུགས་ནས་དངུལ་རྩའི་དབུལ་སྐྱོར་གྱི་རྩ་འཛུགས་སྒྲིག་གཞི་དང་། ལས་ཀའི་འགན་འཁྲི། ལས་ཀའི་བླང་བྱ་བཅས་འཐུས་སྒོ་ཚང་དུ་བཏང་བ་རེད།
ཚད་དང་མཐུན་པའི་ཇུས་གཞི་བཏིང་བ།
དེ་སྔོན་གྱི་དངུལ་རྩའི་དབུལ་སྐྱོར་ལས་ཀའི་མཉམ་མྱོང་དང་། ཐབས་ཤེས། བྱ་ཐབས་བཅས་ཀྱི་རྨང་གཞིའི་ཐོག འདི་ལོ་བོད་ཀྱི་ཞིང་འབྲེལ་དངུལ་རྩའི་ལས་ཁུངས་གཙོ་བོ་ཁག་གིས་གཞི་རིམ་ལ་བརྟག་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཆེད་ལས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ། ལས་ཀའི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། རྩ་བའི་རྩ་དོན། འབྲེལ་ཡོད་བླང་བྱ་སོགས་ཀྱི་ནང་དོན་ཁ་གསལ་བཟོས་པ་དང་། ལྷག་པར་དུ། “རྫོང་རེར་ཁྱད་ལྡན་རེ་དང་། ཤང་རེར་ཐོན་ལས་རེའི”དབུལ་སྐྱོར་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། ས་ཁུལ་ཁག་གི་དཔལ་འབྱོར་འཕེལ་རྒྱས་དང་། ཐོན་ལས་རྣམ་པ། ཐོན་ཁུངས་སྤུས་ཚད་སོགས་ཀྱི་དོན་དངོས་དང་སྦྲེལ་མཐུད་ཧུར་ཐག་བྱས་ཐོག རྫོང་ཁོངས་དབུལ་པོའི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་དང་། དམངས་ཟོག་ལས་སྣོན། འཁོར་རྒྱུག་དང་སྣུར་སྲིང་གྲུབ་ཆའི་ཡིད་རྟོན་དངུལ་བུན་གྱི་དབུལ་སྐྱོར་ལ་རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་བ་རེད།
ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཞིང་གསུམ་དངུལ་རྩ་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རྣམ་གྲངས་དབུལ་སྐྱོར་གྱི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་4.39བཏང་ནས། རིམ་རྩིས་བྱས་ན། ཞིང་དུད་ཁྲི་33ལྷག་ཙམ་ལ་རྒྱབ་སྐྱོར་དང་དབུལ་སྐྱོར་དཔལ་འབྱོར་རྩ་འཛུགས་ཁག་207ལ་རོགས་སྐྱོར་བྱས་པར། ཡིད་རྟོན་དངུལ་བུན་དེ་གྲོང་གསེབ་ཀྱི་གཞུང་ལམ་དང་། གློག་དྲ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་དམངས་འཚོའི་ཁྱབ་ཁོངས་སུ་ཁྱབ་ཡོད་པ་རེད།
ཐོན་ཁུངས་འགན་སྲུང་ཡག་པོ་བྱས་པ།
ནོར་སྲིད་ཀྱི་ཞིང་འབྲེལ་ཐད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མུ་མཐུད་གྲོང་གསེབ་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་ཁ་ཕྱོགས་གཏན་འཁེལ་གྱི་གྲོན་དངུལ་ཁ་གསབ་དང་རྫོང་ཁོངས་དངུལ་རྩའི་ལས་ཁུངས་ཀྱི་ཞིང་འབྲེལ་དངུལ་བུན་གྲངས་འཕར་གྱི་གཟེངས་བསྟོད་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་འབྲེལ་དངུལ་བུན་འགན་ལེན་འགན་བཅོལ་ཚོད་ལྟ་འཚོལ་ཞིབ་བྱེད་པ། ཡིད་རྟོན་ཐོན་ཁུངས་དེ་བས་མང་བ་ཞིང་གསུམ་ཁྱབ་ཁོངས་དང་ལྷག་པར་དུ་གནད་སྨིན་དབུལ་སྐྱོར་གྱི་ཁྱབ་ཁོངས་སུ་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།
དུས་མཚུངས། གསར་འགོད་པས་ཤེས་རྟོགས་བྱུང་གསལ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གྱི་དབུལ་སྐྱོར་འཆར་གཞིའི་ལས་འགན་དེ་2016ལོའི་ཞིབ་དཔྱད་ཇུས་གཞིའི་ནང་བཅུག་ནས་ལས་རྗེས་ཞིབ་དཔྱད་དང་ཟུང་འབྲེལ་བྱེད་པ་དང་། དབུལ་སྐྱོར་དངུལ་བུན་འཕར་ཚད་དེ་དངུལ་ཁང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོང་རྒྱུ་རྒྱུན་མཐུད་བྱས་པ། མུ་མཐུད་80%ཡན་གྱི་གྲོན་དངུལ་ཐོན་ཁུངས་དང་བརྟན་འཇགས་མ་དངུལ་རྫོང་ཁོངས་ཀྱི་ཉིང་ལག་དངུལ་ཁང་དང་ལྷག་པར་དུ་དབུལ་སྐྱོར་གཙོ་གནད་རྫོང་གི་ཉིང་ལག་དངུལ་ཁང་ལ་ཆ་གསེས་བགོ་འགྲེམས་བྱ་རྒྱུ་ཡིན་པ་རེད།