ནམ་ཟླ་དབྱར་གྱི་དུས་བཟའ་བཅའི་ངོ་བོ་འགྱུར་སླ་བ་དང་། གཞན་ཡང་ཚོང་པ་ཐ་ཤལ་རེ་འགས་བདེ་ཐང་ལ་གནོད་པའི་སྤུས་ཞན་བཟའ་མ་འཛད་སྤྱོད་པར་འཚོང་བ་སོགས་ཀྱི་གནས་ཚུལ་འོག་མི་རྣམས་ལ་ཟས་དུག་ཕོག་ཉེན་ཆེ། ཟས་དུག་ཕོག་པ་ཞེས་པ་ནི་དུག་ལྡན་དངོས་པོའམ་ཡང་ན་ཁ་ཟས་རུལ་པ་ཟོས་རྗེས་སྐྱུགས་མེར་ལངས་པ་དང་། ཕོ་བ་ན་བ། བཤལ་བ། སེམས་མི་བདེ་བ། ཉོབ་མདངས་ཆེ་བ་སོགས་ནད་རྟགས་འབྱུང་བ་དེ་ཡིན་ཞིང་། ཟས་རིགས་གཅིག་མཚུངས་སྤྱོད་མཁན་ཚོར་ནད་རྟགས་ཀྱང་གཅིག་མཚུངས་འབྱུང་བ་ཡིན། ཟས་དུག་ཕོག་རྗེས་འཕྲལ་དུ་དོགས་ཡོད་ཁ་ཟས་ཟ་མཚམས་བཞག་ནས། ཆུ་མང་པོ་བཏུང་སྟེ་ཟས་དུག་སྦྱོང་བ་དང་། ཁ་ལ་མཛུབ་མོའམ་ཐུར་མ་བཅུག་ནས་སྐྱུགས་གང་ཐུབ་བྱེད་དགོས། ཟས་དུག་ཕོག་མཁན་ནད་པ་དྲན་མེད་དུ་བརྒྱལ་ཚེ། ནང་མི་སོགས་ཀྱིས་རོགས་རམ་བྱས་ནས་སྐྱུགས་གང་ཐུབ་བྱེད་དགོས། ཟས་དུག་ཕོག་རྗེས་འཕྲལ་མ་ཉིད་དུ་སྨན་ཁང་ལ་སྐྱེལ་བ་ལས་སྨན་གང་བྱུང་སྟེར་མི་རུང་། ནད་པ་དང་མཉམ་དུ་ཁ་ལག་ཟ་མཁན་ཚོར་ཟས་དུག་ཕོག་ཡོད་མེད་ཤེས་རྟོགས་བྱས་རྗེས། སྨན་པར་ཤོད་པ་དང་། དུག་ཕོག་ཁ་ཟས་ཀྱི་མ་དཔེ་ཉར་ཚགས་བྱེད་པའམ་ཡང་ན་སྐྱུགས་པ་ཉར་ནས་བརྟག་དཔྱད་བྱ་རྒྱུར་མཁོ་འདོན་བྱེད་དགོས།