འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་སྐྱོང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱི་ཁྲལ་འབབ་སྒོར་དུང་ཕྱུར་110.38ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་39.4%འཕར་བ་དང་འབབ་འཕར་སྒོར་དུང་ཕྱུར་31.19ཟིན་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ལྔ་པའི་བར་རང་ལྗོངས་ཀྱི་ཁྲལ་འབབ་ལ་གཤམ་གྱི་ཁྱད་ཆོས་མངོན་པ་སྟེ། གཅིག་ནི་ཁྲལ་རིགས་གཙོ་བོས་ཁྲལ་འབབ་འཕར་རྒྱུར་མུ་མཐུད་འདེགས་སྐྱོར་བྱེད་པ་དང་། ཁྲལ་རིགས་གྲུབ་ཆ་ནས་བལྟས་ཚེ། གནས་ཐང་འཕར་ཁྲལ་དང་། འཛད་སྤྱོད་དཔྱ་ཁྲལ། ལས་གཉེར་དཔྱ་ཁྲལ། ཁེ་ལས་ཀྱི་ཐོབ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ་བཅས་ནི་སྔར་བཞིན་བོད་ཀྱི་ཁྲལ་འབབ་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། དེ་དག་གིས་ལྗོངས་ཡོངས་ཀྱི་ཁྲལ་འབབ་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ནི་24.1%དང་། 1.5% 15% 34.3% 14.9% 2.9%བཅས་སོ་སོ་ཡིན་པ། བསྡོམས་རྩིས་བརྒྱབ་ན་འབབ་འཕར་སྒོར་དུང་ཕྱུར་28.67ཟིན་ནས་ཁྲལ་འབབ་འབབ་འཕར་ལ་ལེགས་སྐྱེས་འབུལ་ཚད་93.7%ཟིན་ཡོད་པ་རེད། དེའི་ནང་འཛད་སྤྱོད་དཔྱ་ཁྲལ་འཕར་རྒྱུ་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་དེ་དུས་མཚུངས་ལས་161.6%འཕར་ཡོད། གཉིས་ནི་ཐོན་ལས་དང་པོ་ཆེས་ཆེར་འཕར་བ་དང་། ཐོན་ལས་གསུམ་པའི་ཁྲལ་འབབ་ལེགས་གྲུབ་བསྡོམས་འབོར་མཐོ་ཤོས་ཡིན་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཁྲལ་འབབ་སོ་སོ་སྒོར་དུང་ཕྱུར་0.07དང་། དུང་ཕྱུར་19.56 དུང་ཕྱུར་88.51བཅས་ལེགས་གྲུབ་ཟིན་པ་དེས་ཁྲལ་འབབ་བསྡོམས་འབོར་གྱི་0.1%དང་། 18.1% 81.8%བཅས་བཟུང་ནས་དུས་མཚུངས་ལས་151.4%དང་། 40.4% 39.2%བཅས་སོ་སོར་འཕར་ཡོད། ལས་རིགས་ཀྱི་ཁྲལ་འབབ་གཞི་ཁྱོན་ནས་བལྟས་ཚེ། འཛུགས་སྐྲུན་ལས་རིགས་དང་། སྡེབ་ཚོང་སིལ་ཚོང་ལས་རིགས། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས། དངུལ་རྩའི་ལས་རིགས། ས་ཁང་བདག་ཁོངས་ལས་རིགས་བཅས་ཀྱི་ཁྲལ་འབབ་ཁག་འབབ་འཕར་སྒོར་དུང་ཕྱུར་5.17དང་། དུང་ཕྱུར་5.91 དུང་ཕྱུར་13.03 དུང་ཕྱུར་1.4 དུང་ཕྱུར་1.28བཅས་སོ་སོར་ཟིན་ནས་བསྡོམས་རྩིས་བྱས་ན་སྒོར་དུང་ཕྱུར་26.8ཟིན་པ་དེས་འབབ་འཕར་ལ་ལེགས་སྐྱེས་འབུལ་ཚད་87.6%ཟིན་པ་དེ་བོད་ཀྱི་ཁྲལ་ཁུངས་གྲུབ་ཆའི་ཁྲོད་ཀྱི་ལས་རིགས་གཙོ་བོ་ཡིན་པ་རེད།