དབུ་ཤོག>གསར་འགྱུར།
  • རྒྱུན་སྲིང་ལྷོད་མེད་ཀྱིས་ལས་རིགས་སློབ་གསོར་བརྩེ་སེམས་བཅངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-15

    སློབ་གསོ་པུའི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཀེ་ཝུའེ་ཝུའེ་2013ལོའི་ཟླ་7པར་སློབ་གསོ་པུའི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སི་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སླེབས་ཡོད། ཀེ་ཝུའེ་ཝུའེ་ཡིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཡོན་ཀྲང་གཞོན་པའི་ལས་གནས་ཐོག་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་སེམས་ནུས་ཡོད་རྒུ་བཏོན་ནས་བོད་སྐྱོར་ལས་བྱེད་པའི་བོད་ལ་བརྩེ་སེམས་བཅངས་བ་དང་འགན་འཁྲི་འཁུར་བར་ངོ་གནོང་མི་དགོས་པའི་ལེའུ་གསར་པ་ཞིག་བརྩམས་ཡོད།

    བོད་དུ་སླེབས་རྗེས་བོད་སྐྱོར་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་སྔོན་དཔག་གི་ཕན་འབྲས་ཐོབ་པ་བྱ་ཆེད། ཀེ་ཝུའེ་ཝུའེ་ཡིས་སློབ་གླིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བརྟག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག“དགོས་མཁོ་ཕྱོགས་སྟོན་དུ་འཛིན་པ་དང་། འཇམ་རྩུབ་ཟུང་འབྲེལ། རོགས་སྐྱོར་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་རང་ཉིད་ཀྱི་ལོ་གསུམ་གྱི་འཆར་གཞི་བཏིང་ཡོད།

    ཐོག་མར་བཏིང་བའི་ལས་ཀའི་འཆར་གཞི་གཞིར་བཟུང་ཀེ་ཝུའེ་ཝུའེ་ཡིས་མ་དངུལ་དང་། ཡོ་བྱད་དང་སྒྲིག་ཆས། དཔེ་དེབ་ཀྱི་དཔྱད་གཞི། གྲངས་གཞི་ཅན་གྱི་སློབ་ཁྲིད་ཐོན་ཁུངས་བཅས་བསྡུས་པའི“ཁྲི་སྟོང་གསུམ”གྱི་ལས་ཀའི་དམིགས་ཚད་དང་དེ་བཞིན་མ་དངུལ་གྱི་བོད་སྐྱོར་དང་། འདུ་ཤེས་ཀྱི་བོད་སྐྱོར། རིག་སྟོབས་ཀྱི་བོད་སྐྱོར། ཐོན་ཁུངས་ཀྱི་བོད་སྐྱོར། རྣམ་གྲངས་ཀྱི་བོད་སྐྱོར། གཅེས་སེམས་ཀྱི་བོད་སྐྱོར་བཅས་ཀྱི“བོད་སྐྱོར་དྲུག”གི་གཞི་རྩའི་ཐབས་ལམ་གཏན་འཁེལ་བྱས་ཡོད།

    བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་ཁོང་གིས་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་སྔ་རྗེས་སུ་སློབ་གསོ་ཚན་རིག་དཔེ་སྐྲུན་ཁང་སོགས་ཚན་པ་32ས་ནས་མ་དངུལ་སྒོར་ཁྲི་1273གྱི་ཞལ་འདེབས་བསྡུ་རུབ་བྱས་ཡོད། མ་དངུལ་དེ་དག་སློབ་གླིང་གི་སློབ་ཁྲིད་ཚན་ཞིབ་དང་། རྟོག་ཞིབ་གསོ་སྦྱོང་། ཆ་འཕྲིན་ཅན་འཛུགས་སྐྱོང་། གཞུང་ལས་ཆ་རྐྱེན་ལེགས་གཏོང་དང་དེ་བཞིན་སློབ་མའི་ཞབས་ཞུའི་ཁུལ་སྒྱུར་བཀོད་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་སོགས་ལ་ཐད་ཀར་སྤྱད་ཡོད་པས་སློབ་གླིང་འཛུགས་སྐྱོང་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད།

    སློབ་གླིང་གི་སྒྱུར་བཅོས་གསར་གཏོད་ལ་བསམ་ཕྱོགས་གསར་པ་དང་དཔེ་མཚོན་གསར་པ་གཏོད་ཆེད་ཀེ་ཝུའེ་ཝུའེ་ཡིས་འདུ་ཤེས་གསར་བརྗེ་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས་ཞལ་འདེབས་བརྒྱབ་པའི་འགྲོ་སོང་ཁྲོད་ནས་ཆེད་དངུལ་བཏོན་ཏེ་སྔ་རྗེས་སུ་མི་ཐེངས་36སྒྲིག་འཛུགས་ཐེངས་8བྱས་ཏེ“ཕྱིར་སྐྱོད་པའི”བྱ་ཐབས་ཐོག་ནས་ནང་སའི་གཙོ་གནད་སློབ་གྲྭ་དང་ཁེ་ལས་དང་བྱ་གཞག་ཚན་པར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་ཁྲིད་པ་དང་། “ནང་དུ་གདན་དྲངས་པའི”བྱ་ཐབས་ཐོག་ནས་ནང་སའི་སློབ་ཁྲིད་དང་། དོ་དམ། ལག་རྩལ་བཅས་ཀྱི་རིགས་གཅིག་མཁས་ཅན་118སློབ་གླིང་དེར་སློབ་ཁྲིད་ཐད་མཛུབ་ཁྲིད་དང་དགེ་རྒན་གསོ་སྦྱོང་བྱེད་པར་གདན་དྲངས་པས་སློབ་གླིང་གི་སློབ་གཉེར་འདུ་ཤེས་དང་། སློབ་གཉེར་རྣམ་པ། སློབ་ཁྲིད་བྱེད་སྟངས་བཅས་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཐུབ་ཡོད།

    ཀེ་ཝུའེ་ཝུའེ་ཡིས་ད་དུང་ནང་སའི་སློབ་གླིང་གི་དགེ་རྒན་བོད་སྐྱོར་དུ་ཡོང་རྒྱུ་བརྩོན་ལེན་ཧུར་ཐག་བྱས་ནས་སྔ་རྗེས་སུ་ནང་སའི་གྲགས་ཅན་ལས་རིགས་སློབ་གྲྭ་10ནས་དགེ་རྒན་18སློབ་གླིང་དེར་སློབ་ཁྲིད་དང་མཛུབ་ཁྲིད་བྱེད་པར་ཡོང་རྒྱུར་མཐུན་སྦྱོར་བྱས་ཏེ་ཆེད་ལས་འཛུགས་སྐྱོང་དང་སློབ་ཚན་བཀོད་སྒྲིག་བྱེད་རོགས་དང་སློབ་ཁྲིད་སྒྱུར་བཅོས་ལ་མཛུབ་ཁྲིད་བྱས་པས་སློབ་གླིང་དེའི་དགེ་རྒན་མི་འདང་བ་ཐག་གཅོད་ནུས་ལྡན་ཐུབ་པ་དང་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད།

    སློབ་གླིང་གི་སློབ་ཁྲིད་ཡོ་ཆས་རྙིང་པ་ཆགས་པ་དང་སློབ་ཁྲིད་ཐོན་ཁུངས་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། ཀེ་ཝུའེ་ཝུའེ་ཡིས་འབྲེལ་ཡོད་ཚན་པའི་ས་ནས་སློབ་གསོ་སློབ་ཁྲིད་ཀྱི་མཉེན་ཆས་དང་མཁྲེགས་ཆས་བསྡུ་རུབ་བྱས་ཡོད། སྔ་རྗེས་སུ་ཚན་པ་8ཀྱི་ས་ནས་རིན་ཐང་སྒོར་ཁྲི་1044.6རི་བའི་སློབ་ཁྲིད་ཡོ་བྱད་བསྡུ་རུབ་བྱས་པ་དང་། དཔེ་སྐྲུན་ཚན་པ་11ས་ནས་རིན་ཐང་སྒོར་ཁྲི་218.8རི་བའི་དཔེ་དེབ་ཀྱི་དཔྱད་གཞིའི་ཡིག་རིགས་བསྡུ་རུབ་བྱས་པ། ཚན་པ་7གྱི་ས་ནས་རིན་ཐང་སྒོར་ཁྲི་2537རི་བའི་གྲངས་གཞི་ཅན་གྱི་སློབ་ཁྲིད་ཐོན་ཁུངས་བསྡུ་རུབ་བྱས་ཡོད།

    དེ་དང་ཆབས་ཅིག་ཀེ་ཝུའེ་ཝུའེ་ཡིས་སློབ་གླིང་ལ་ནང་སའི་འབྲེལ་ཡོད་སློབ་གླིང་དང་ཁེ་ལས་དང་ཚན་པའི་རྣམ་གྲངས་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་མཉམ་ལས་སློབ་གཉེར་དང་། རིག་གཞུང་སྤེལ་རེས། དངོས་སྦྱོང་ཁང་མཉམ་སྐྲུན། དགེ་སློབ་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་གླིང་གི་རྨང་གཞི་འཛུགས་སྐྱོང་ལ་རམ་འདེགས་བྱས་ཡོད། རིགས་ཁག་གི་རོགས་སྐྲུན་རྣམ་གྲངས་དེ་དག་སློབ་མའི་སློབ་སྦྱོང་ཆ་རྐྱེན་ལེགས་སུ་གཏོང་བ་དང་། དགེ་རྒན་གྱི་ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ། སློབ་ཁྲིད་ཡོ་ཆས་འཐུས་སྒོ་ཚང་དུ་གཏོང་བ། སློབ་གླིང་གི་དོ་དམ་མ་ལག་ལ་ཤུགས་སྣོན་རྒྱག་པ་སོགས་ཁག་21དང་འབྲེལ་བ་ཡོད།

    ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ནས་ཁོང་ཚོ་སློབ་སྦྱོང་ལ་འབད་བརྩོན་དང་ཤེས་ལྡན་པར་འགྱུར་བ་བྱ་རྒྱུར་སྐུལ་ལྕག་བྱ་ཆེད། ཀེ་ཝུའེ་ཝུའེ་ཡིས་ཞལ་འདེབས་བརྒྱབ་པའི་གྲོན་དངུལ་ཁྲོད་ནས་ཆེད་དངུལ་བཏོན་ཏེ་སློབ་གླིང་གི་གུང་གཞོན་སྡེ་ཚོགས་ལ་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་རྣམ་གྲངས་ཀྱི་རྣམ་པའི་ཐོག་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱས་ཡོད། མིག་སྔའི་བར་སྔ་རྗེས་སུ་སློབ་གླིང་གི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་བྱེད་སྒོ་7སྤེལ་རྒྱུར་རྒྱབ་སྐྱོར་དང་། སློབ་མའི་ཚོགས་པ་24ལ་རོགས་སྐྱོར། སློབ་མ་743ལ་ཐད་ཀར་རོགས་སྐྱོར་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།