དབུ་ཤོག>གསར་འགྱུར།
  • ​ “ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ”རོགས་སྐྲུན་བྱས་པའི་མཐོང་ཐོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-06-14

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཡར་ཀླུང་གཙང་པོའི་བྱང་ངོས་སུ་ལོ་མང་རིང་གཞི་ཁྱོན་ཆེན་པོས་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། དེ་སྔ་སྐད་གྲགས་ཡོད་པའི་བྱེ་རླུང་ལངས་ས་སྟེ་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་ད་ལྟ་ཚང་ཚིང་གཡུ་ལོ་འཁྲིགས་པའི་སྔོ་ལྗང་ནགས་ཀྱིས་ཁྱབ་ཅིང་། “ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ”འཛུགས་སྐྲུན་གྱི་ཕན་འབྲས་རགས་ཙམ་མངོན་ཡོད་པ་རེད།

    “དེ་ནི་ན་ནིང་བཏབ་པའི་ཤིན་ཅང་སྦྱར་པ་རེད། ད་ལྟ་ཚང་མ་ཡལ་ག་རྒྱས་ཚར་འདུག”ཅེས་རྣམ་གླིང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཚེ་རིང་དོན་གྲུབ་ཀྱིས་མདུན་ཕྱོགས་སུ་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱས་པ་དང་། གསར་འགོད་པས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་གྲམ་ཐང་ཐོག་ཕྲ་སྦོམ་ལག་ངར་ཙམ་དང་མཐོ་ཚད་མི་གཅིག་གི་གཟུགས་པོའི་རིང་ཚད་ཙམ་ཡོད་པའི་ལྕང་མའི་ཡལ་ག་སྔོ་སིལ་ལེར་རྒྱས་པ་དང་། ཉེ་འགྲམ་དུ་འཕྲུལ་འཁོར་གྱི་སྐད་སྒྲས་ཁེངས་པ་དང་ཤིང་འཛུགས་མཁན་རྣམས་དུས་ཚོད་དམ་འཛིན་གྱིས་སྡོང་ཕྲུག་འཛུགས་པ་མཐོང་བྱུང་།

    གསར་འགོད་པར་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་གྱིས་ལོ་10ལྷག་ཙམ་གོང་ནས་མང་ཚོགས་སྐུལ་སློང་གིས་ཤིང་འཛུགས་ནགས་བཟོ་དང་སྣོད་བཅུད་ལེགས་གཏོང་བྱེད་འགོ་བཙུགས་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པ་བོད་དུ་ཡོང་རྗེས་རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ཆོས་དང་སྔར་བས་ཟུང་འབྲེལ་བྱས་ཏེ། ནགས་བཟོའི་འདུ་ཤེས་ལེགས་གཏོང་དང“ཕ་ཡུལ་གཉིས་པ”སྔོ་འགྱུར་བྱ་རྒྱུའི་ལས་ཀའི་བསམ་ཕྱོགས་བཏོན་པས། ས་ཆ་དེ་གའི་སྣོད་བཅུད་འཛུགས་སྐྱོང་མགྱོགས་ལམ་ཐོག་བསྐྱོད་འགོ་ཚུགས་ཡོད།

    བོད་རང་སྐྱོང་ལྗོངས་ཀྱིས་2014ལོར་ཆུ་རྩ་གསོ་འཁྱོངས་དང་རླུང་འགོག་བྱེ་འཇགས་བྱ་ཆེད། བོད་ཡོངས་ཀྱི་མི་འབོར་80%ཡན་གཅིག་སྡུད་བྱེད་སའི“གཙང་པོ་གཉིས་དང་ཆུ་བོ་བཞི”(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། སྐྱིད་ཆུ། མྱང་ཆུ། ཡར་ལྷ་ཤམ་ཆུ། སེང་གེ་ཁ་འབབ་བཅས)རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བ་རེད། ལས་གྲྭ་སྤེལ་འགོ་འཛུགས་ས་དང་ཧྲན་ཏུང་ཝུའེ་ཧྥང་གིས་ཁ་གཏད་རོགས་སྐྲུན་བྱ་ཡུལ་ཡིན་པའི་རྣམ་གླིང་རྫོང་དུ“ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ”བཙུགས་ནས་གཞི་ཁྱོན་ཆེ་བའི་གཅིག་སྡུད་ནགས་བཟོའི་ཚོད་ལྟ་བྱས་པ་རེད།

    “ལོ་3རིང་ཧྲན་ཏུང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ནས་རྒྱལ་ཁབ་ཀྱི་མ་དངུལ་དང་མཐུན་སྦྱོར་གྱིས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་དུ་ཤིང་མུའུ་ཁྲི་2.5བཙུགས་པ་དང་སྡོང་རྐང་ཁྲི་170བཏབ་པར། ནགས་ཤིང་གསོན་ཚད་95%ཡན་ཟིན་ཡོད”ཅེས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་རུ་སྣེ་ཁྲིད་མཁན་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ཀྲའོ་ཀྲེ་ཡོན་གྱིས་བཤད།

    སྡོང་ཕྲུག་ཁོར་ཡུག་དང་འཕྲོད་ཐུབ་ཆེད། རྣམ་གླིང་རྫོང་གིས་ཐན་པ་དང་འཁྱགས་ཐེག་ཐུབ་པའི་རྒྱ་ལྕང་དང་། སྦྱར་པ། ཡོ་འབོག་སོགས་བདམས་པ་མ་ཟད། སྡོང་ཕྲུག་མ་བཏབ་གོང་རེ་རེ་བཞིན་ནད་འབུ་ཡོད་མེད་བརྟག་དཔྱད་བྱས་པ་རེད། དེ་དང་ཆབས་ཅིག་ཡུག་ཁུལ་ནུབ་མར་ས་ཆ་དེ་གའི་ཆུ་བོ་འདྲེན་པ་དང་ཡུག་ཁུལ་ཤར་མར་ཁྲོན་པ་དྲུས་ནས་ཆུ་བསགས་པས། གྲམ་ཐང་ནགས་བཟོའི་ཆུའི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།

    སླེའུ་ཀོག་གྲོང་ཚོའི་གྲོང་མི་བྱམས་པ་དངོས་སྒྲུབ་ནི་ནགས་སྲུང་བ་ཞིག་ཡིན་ཞིང་། ཁོང་གིས་དགོད་འཚེར་འཚེར་ངང་གསར་འགོད་པར“ནགས་སྲུང་བ་བྱས་ན་ཟླ་རེར་གླ་ཆ་སྒོར་3000ཙམ་ཡོད། དེ་མིན་ལྕང་མ་གཅིག་བཏབ་ཚེ་སྒོར་1.5རག་གི་ཡོད་པས་ཤིང་འཛུགས་པ་དང་ནགས་ཤིང་སྲུང་བའི་ཡོང་འབབ་བསྡོམས་ཚེ་ངའི་ཁྱིམ་ལ་ཡོང་འབབ་འབེལ་པོ་འདུག”ཅེས་བཤད།

    གཞན་ཡང་ཧྲན་ཏུང་ཝུའེ་ཧྥང་བོད་སྐྱོར་ལས་བྱེད་པས་ད་དུང་རྣམ་གླིང་རྫོང་ཆག་རྭ་གྲོང་ཚོར་བོད་སྐྱོར་མ་དངུལ་སྒོར་ཁྲི་900བཏང་ནས་རྣམ་གླིང་རྫོང་གི་སྡོང་ཕྲུག་རྟེན་གཞི་མུའུ་340ཡོད་པ་ནས་མུའུ་900ལྷག་ཙམ་བར་རྒྱ་ཆེར་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།