དབུ་ཤོག>གསར་འགྱུར།
  • ཏང་གིས་དམངས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-06-11

    ཉེ་བའི་ལོ་ཤས་རིང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གིས་དཔོན་དམག་ལ་ཞབས་འདེགས་ཞུ་བའི་ལས་འགན་ལེགས་པར་བསྒྲུབས་པ་དང་ཆབས་ཅིག་ཐག་རིང་ལུང་ཁུག་གི་ལྷན་སྐྱེས་སྙིང་ནད་དང་། ཐུམ་འབུའི་ནད། སྐྱ་གྲིབ་སོགས་ཕོག་པའི་ནད་པར་ལྷག་བསམ་རྣམ་དག་གིས་སྨན་བཅོས་བྱ་ཆེད། རིགས་གཅིག་མཁས་པའི་སྨན་བཅོས་རུ་ཁག་30ལྷག་ཙམ་སྔ་རྗེས་སུ་མཐའ་མཚམས་ཀྱི་ས་ཁུལ་དབུལ་པོར་བཏང་ནས་དེ་གའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཁྲི་6ཙམ་ལ་བརྟག་དཔྱད་དབྱེ་གསེད་དང་རིན་མེད་ངང་ནད་པ་6019ལ་གཤགས་བཅོས་ཀྱང་བྱས་ཡོད།

    (གཅིག)

    2005ལོའི་ཟླ་7པར་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་མཉམ་དུ་གཉེར་བའི“ལྷན་སྐྱེས་སྙིང་ནད་བཅོས་ནས་དབུལ་སྐྱོར་བྱེད་པའི”འདུ་འགོད་སྤེལ་བ་དང་། འདི་ལོའི་དཔྱིད་གསར་དུས་ཆེན་རིང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་དང་ཀྲུང་ཧྭའི་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་མཉམ་དུ“བོད་རིགས་ས་ཁུལ་གྱི་དུད་ཚང་དབུལ་པོ་སྟོང་གི་ཐུམ་འབུའི་ནད་ཕོག་མཁན་ལ་སྨན་བཅོས་བྱེད་པའི་བྱ་སྤྱོད”སྤེལ་ཡོད།

    ལོ་མང་རིང་། ཁོང་ཚོ་ས་མཐོའི་གྲོང་ཁྱེར(རྫོང)86ལ་བསྐྱོད་དེ་དེ་གའི་བོད་རིགས་དང་། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་28ལ་སྔ་རྗེས་སུ་ནད་གཞི་བརྟག་དཔྱད་དབྱེ་གསེད་དང་འོས་འགན་སྨན་བཅོས་བྱས་ཡོད།

    2010ལོའི་དཔྱིད་གསར་དུས་ཆེན་ཚར་བའི་རྗེས་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་ཡོན་ཀྲང་ཀྲེང་ཅིང་ཁྲེན་གྱིས་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ་ས་བབ་སྨི་4600ཟིན་པའི་ནག་ཆུར་ཡོང་བ་དང་། རུ་མི་ཚོས་ལ་དུག་ལ་མ་འཛེམས་པར་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་དུ་བསྐྱོད་ནས་ཉིན་19ཡི་ནང་བོད་རིགས་ས་ཁུལ་གྱི་བྱིས་པ་3695ལ་ལྷན་སྐྱེས་སྙིང་ནད་ཕོག་ཡོད་མེད་བརྟག་དཔྱད་བྱས་པའི་ནང་བྱིས་པ་59ལ་ལྷན་སྐྱེས་སྙིང་ནད་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད།

    རིགས་གཅིག་མཁས་པས་ས་མཐོའི་གསོ་རླུང་དཀོན་པའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ནད་གཞིའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་ཐུམ་འབུའི་ནད་ཕོག་མཁན་རྩད་ཆོད་པ་མི་རེ་ངོ་རེར་དེབ་བཟོས་ནས་ཐོ་བཀོད་ཡོད་ཅིང་། དུས་ཡུན་ཉིན་9ཡི་ནང་། ཁོང་ཚོས་མི་1420ལ་འོས་འགན་ནད་དཔྱད་བྱས་པའི་ཁྲོད་མི་925ཐུམ་འབུའི་ནད་ཕོག་ཡོད་པ་བརྟག་དཔྱད་ཐུབ་པ་མ་ཟད། ནད་གཞི་ལྕི་བའི་ནད་པ་13ཐོག་མར་པེ་ཅིང་དུ་རིན་མེད་གཤགས་བཅོས་བྱེད་པར་འཁྲིད་པ་རེད། དེ་ནི་ཀྲེང་ཅིང་ཁྲེན་གྱིས་སྣེ་ཁྲིད་བྱས་པའི་སྨན་བཅོས་རུ་ཁག་གངས་ལྗོངས་ས་མཐོར་འོས་འགན་སྨན་བཅོས་དང་བརྟག་དཔྱད་དབྱེ་གསེད་བྱེད་པར་ཡོང་ཐེངས་27པ་ཡིན་པ་རེད།

    པེ་ཅིང་ལ་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གིས“ཤར་བགྲོད་ལམ”དང“གཅེས་སེམས་ནད་ཁང”ཆེད་མངགས་བཙུགས་པའི་ཁར། སྨན་བཅོས་བྱེད་མཁན་རིགས་གཅིག་མཁས་པ་དང་སྨན་རྩལ་ནད་སྐྱོང་རྐང་འཛིན་པ་བདམས་པ་དང་། སྔོན་ཐོན་གྱི་དཔྱད་ཆས་སྒྲིག་ཆས་སྤྱད་པ། ནད་པར་བབ་བསྟུན་གྱི་གཤགས་བཅོས་བྱེད་སྟངས་བཟོས་པ་དེས་ཐག་རིང་ནས་ཡོང་བའི་ལྷན་སྐྱེད་སྙིང་ནད་ཕོག་པའི་བྱིས་པ་དང་ཐུམ་འབུའི་ནད་ཕོག་མཁན་ལ་སྨན་བཅོས་ཡག་ཤོས་ཡོང་བར་བྱས་ཡོད།

    (གཉིས)

    དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གིས་ལོ་ལྟར་རིགས་གཅིག་མཁས་པའི་ཚོགས་ཆུང་ཁག་བགོས་ཀྱིས་དུས་ཆེན་དང་ངལ་གསོའི་དུས་ཚོད་སྐབས་བོད་དང་། ཤིན་ཅང་། མཚོ་སྔོན། ནང་སོག་སོགས་ཀྱི་རྫོང་དང་གྲོང་ཁྱེར་80ལྷག་ཙམ་ལ་འོས་འགན་སྨན་བཅོས་དང་བརྟག་དཔྱད་དབྱེ་གསེད་ཀྱི་བྱེད་སྒོ་སྤེལ་ནས་ལམ་ཐག་སྤྱི་ལེ་ཁྲི་50ལྷག་ཙམ་སར་བསྐྱོད་ཡོད།

    2013ལོའི་ཟླ་7པར་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས“ལྷན་སྐྱེས་སྙིང་ནད་བཅོས་པའི་དབུལ་སྐྱོར་ཕོ་ཉའི་བྱ་སྤྱོད་དེ། བོད་ཀྱི་བྱ་སྤྱོད”སྤེལ་ནས་སྨན་བཅོས་རུ་ཁག་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ་སོགས་ལ་བརྟག་དཔྱད་དབྱེ་གསེད་དང་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་ཅིང་། ཉིན་11རིང་ཁོང་ཚོས་ཕྲུ་གུ་6000ལྷག་ཙམ་ལ་ལྷན་སྐྱེས་སྙིང་ནད་ཕོག་ཡོད་མེད་བརྟག་དཔྱད་དབྱེ་གསེད་བྱས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་100གཏན་འཁེལ་བྱས་པ་མ་ཟད། དེ་དག་ཁག་བགོས་ནས་པེ་ཅིང་ལ་རིན་མེད་ངང་སྨན་བཅོས་བྱ་རྒྱུའི་བཀོད་སྒྲིག་ཀྱང་བྱས་པ་རེད།

    2007ལོའི་ཟླ་8ཚེས་11ཉིན་ནས་18ཉིན་བར་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས“ལྷན་སྐྱེས་སྙིང་ནད་བཅོས་པའི་དབུལ་སྐྱོར་གྱི་མཚོ་སྔོན་གྱི་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་རིང་། སྨན་བཅོས་རུ་ཁག་གིས་ཐག་རིང་མཚོ་སྔོན་གྱི་ཟི་ལིང་དང་གོར་མོར་བསྐྱོད་ནས་ས་གནས་དེ་གའི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པར་བརྟག་དཔྱད་དབྱེ་གསེད་བྱས་ཡོད། 2012ལོའི་ཟླ་12པའི་ཚེས་1ནས་26ཉིན་བར“སྙིང་ནད་བཅོས་པའི་དབུལ་སྐྱོར”གྱི་བྱེད་སྒོ་ཧྲའན་ཤིས་ཡན་ཨན་ལ་གཏན་འཁེལ་བྱས་ཏེ་བྱིས་པ་ཁྲི་2.8ལ་ཉན་བརྟག་དང་འབྲེལ་གཟུགས་པོར་བརྟག་དཔྱད་ཀྱང་བྱས་ཡོད།

    2014ལོའི་ཟླ་དང་པོར་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གིས་མཚོ་སྔོན་གྱི་ཡུལ་ཤུལ་སོགས་ལ“མཚོ་སྔོན་ལ་འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ནས་རིམ་པ་མཐོ་བའི་མཁའ་རླུང་གཙང་སེལ་འཁོར་རྒྱུག་གི་ནུས་པ་ལྡན་པའི་སྐོར་སྐྱོད་གཤགས་བཅོས་ཁང་ས་བབ་སྨི་4800ལྷག་ཙམ་གྱི་སར་གནས་པའི་བོད་རིགས་མང་ཚོགས་ཀྱི་སྒོ་ཁར་ཐོག་མར་བཙུགས་ནས་སྐྱ་གྲིབ་ནད་པ་བརྒྱ་ལྷག་ཙམ་ལ་མིག་ཕྱེ་སྟེ་འོད་སྣང་མཐོང་བར་བྱས་ཡོད།

    (གསུམ)

    “ཨ་ཅག་ལགས། ཁྱེད་དངོས་གནས་སེམས་བཟང་ཅན་ཞིག་རེད། ངས་ཁྱེད་ཀྱི་འགྲམ་པར་འོ་ཞིག་བྱས་ན་འགྲིག་གམ”ཞེས་པེ་ཅིང་ལ་སྨན་བཅོས་བྱེད་པར་ཡོང་བའི་ནད་པ་ཁག་གསུམ་པའི་བོད་ཀྱི་ས་དགའ་ནས་ཡིན་པའི་ཐུམ་འབུའི་ནད་ཕོག་པའི་ནད་པ་བཀྲ་ཤིས་ཟླ་བ་དང་། རིག་འཛིན་སྒྲོལ་མ། མིག་དམར་སྒྲོལ་མ་བཅས་ནད་གཞི་དྲག་སྐྱེད་བྱུང་རྗེས་སྨན་ཁང་ནས་དོན་སྐབས་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་སྨན་གཡོག་པ་དང་བྲལ་མི་ཕོད་པའི་ངང་དེ་ལྟར་བཤད།

    ཟླ་6ཚེས་1ཉིན་ནི་ལོ་12ལ་སླེབས་པའི་ས་དགའ་རྫོང་ནས་ཡིན་པའི་ཐུམ་འབུའི་ནད་ཕོག་པའི་བསྟན་ཆུང་གི་ངོས་ནས་བརྗོད་ན་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་ཞིང་། བསྟན་ཆུང་ཨ་མ་བདེ་སྐྱིད་དང་མཉམ་དུ་གཤགས་བཅོས་ཁང་དུ་ཡོང་། བསྟན་ཆུང་གི་ཕ་ལོ་ཁ་ཤས་གོང་ནས་གྲོངས་ཟིན་པ་དང་ཁོ་པར་གཅུང་པོ་དང་གཅུང་མོ་གཉིས་ལས་མེད་པའི་ཁར། ཁྱིམ་ཚང་གི་འཚོ་བ་ཧ་ཅང་དཀའ་ངལ་ཆེ། སྨན་པས་བསྟན་ཆུང་གི་ནད་གཞི་ཧ་ཅང་ལྕི་བས་གལ་སྲིད་གཤགས་བཅོས་མ་བྱས་ཚེ། ལོ་བཅུའི་ནང་འཆི་ཉེན་ཡོད་པའི་ངོས་འཛིན་བྱས།

    དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་ཕྱི་བཅོས་སྡེ་ཁག་དཀྱུས་མའི་ཀྲུའུ་རེན་ཅ་ཡོན་ལི་དང་ཁོང་གི་སྨན་བཅོས་རུ་ཁག་གིས་གཤགས་བཅོས་ཆུ་ཚོད་4ལྷག་ཙམ་བྱས་མཐར་བསྟན་ཆུང་གི་ཁོག་པའི་ནང་གི་ཐུམ་འབུ་བཏོན་ཐུབ་པ་རེད།

    ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་ཕོག་མཁན་6000ལྷག་ཙམ་ལ་དྲོ་སྐྱིད་དང་བརྩེ་སེམས་ཀྱིས་ཕྱུག་པའི་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་ནས་སླར་ཡང་ཚེ་སྲོག་གསར་པ་ཐོབ་པ་མ་ཟད། སྐྱ་གྲིབ་ཕོག་པའི་ནད་པ་300ལྷག་ཙམ་ལ་མིག་ཕྱེ་སྟེ་འོད་སྣང་མཐོང་ཐུབ་པ་བྱུང་ཞིང་། “མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་དཔུང་སྡེའི་སྨན་ཁང་གི་བླ་ན་མེད་པའི་འོས་འགན་ཞིག་ཡིན་པས་ང་ཚོས་ཏང་གི་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲན་ཡིའུ་མིང་གིས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།