དབུ་ཤོག>གསར་འགྱུར།
  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་པའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-09

    གསོ་རླུང་དཀོན་པ་དང་། གནམ་གཤིས་གྲང་ངར་ཆེ་བ། ལམ་བུར་ཉེན་ཁ་ཆེ་བ་སོགས་ཀྱི་ས་ཆ་དེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བོད་སྐྱོར་ལས་བྱེད་པ་མང་པོ་གཅིག་མཇུག་གཉིས་མཐུད་ངང་འོངས་ནས་ལོ་གསུམ་མམ་ལོ་དྲུག་བསྡད་དེ་རོགས་སྐྲུན་མི་སྣ་གཞན་དག་དང་མཉམ་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད། “ཁུང་ཧྥན་སན་ནི་ང་ཚོའི་མིག་དཔེ་ཡིན”ཞེས་བོད་དུ་ཡོང་བའི་ཉིན་དང་པོ་ནས་བཟུང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ལས་བྱེད་པས་རང་ཉིད་ལ་དེ་ལྟར་ལྕག་སྐུལ་བྱེད་ཀྱི་ཡོད།

    ས་བབ་མཐོ་ཡང་ལས་ཀའི་སྤྲོ་སེམས་ཆེ།

    “མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མི་དམངས་ཀྱི་བདེ་སྐྱིད་བཅས་ཀྱི་དོན་དེ་མི་སྒེར་དང་འབྲེལ་བ་ཟབ་མོ་ཡོད། བོད་དུ་ལས་ཀ་བྱེད་སྐབས་ཉིན་ལྟར་བློ་ལ་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེན་པོ་ཞིག་འཆར་གྱི་འདུག མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་དེ་ནི་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་ཞིག་ཡིན”ཞེས་ཧྲན་ཏུང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་བོད་སྐྱོར་ལས་བྱེད་པ་ལེང་ཀྲེན་པང་གིས་རྒྱལ་རྩེའི་རྫོང་རེའི་ཐོག་ལངས་ནས་དེ་ལྟར་བཤད་བྱུང་།

    ལེང་ཀྲེན་པང་གིས་དུས་རྒྱུན་རང་ཉིད་ལ་རེ་བ་ནན་པོ་བཏོན་ནས་ས་བབ་མཐོ་ཡང་ལས་ཀའི་ཚད་གཞི་དམའ་རུ་མི་གཏོང་བ་དང་གསོ་རླུང་དཀོན་ཡང་ལས་ཀའི་སྤྲོ་སེམས་མི་ཉམས་པ་བྱེད་ཀྱི་ཡོད། བོད་རིགས་མི་སེར་ལ་ཕུགས་ལ་ཕན་པའི་བྱ་བ་སྒྲུབ་པ་དང་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་བསྐྲུན་དགོས། ཁོང་གི་མཐུན་སྦྱོར་འོག་སྨི་ངོས་གྲུ་6611ཟིན་པའི་བོད་ཀྱི་སྤྱི་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་རྟེན་གཞི་དང་པོ་དེ་བསྐྲུན་པ་དང་། ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་གཞིས་རྩེའི་དབར་ཡུན་རིང་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ནས་ས་མཐོའི་སྣོད་བཅུད་ཀྱི་ཞིང་ལས་འབུམ་རམས་པའི་ཚན་ཞིབ་ལས་དོན་ས་ཚིགས་བསྐྲུན་པ། སློབ་གསོའི་རྒྱང་རིང་གསོ་སྦྱོང་དྲ་བ་དང་པོ་དེ་བསྐྲུན་ནས་ཧྲན་ཏུང་ཞིང་ཆེན་སྨན་ཁང་གི་སློབ་ཚན་ཉན་པ་སོགས་ལོ་གསུམ་གྱི་འབད་བརྩོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    གཞིས་རྩེར་ལས་ཀ་བྱས་ནས་ལོ་གསུམ་རིང་ཧའོ་དབྱིན་ཅེས་དེར་མུ་མཐུད་སྡོད་རྒྱུའི་གདམ་ག་བྱས། ཧའེ་ལུང་ཅང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་གྲོང་ཁྱེར་ཐད་གཏོགས་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་ཧའོ་དབྱིན་ཅེས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་ལས་འགན་བསྒྲུབས་པ་ཕུད། ཁོང་གིས་ད་དུང་ལས་བྱེད་པའི་བདེ་ཐང་ཐད་ཞབས་འདེགས་ཧུར་ཐག་ཞུ་གི་ཡོད་དེ། 《བོད་རྒྱའི་རྒྱུན་མཁོའི་ཚིག300》ཞེས་པ་རྩོམ་འབྲི་བྱས་པ་དང་ས་མཐོའི་བདེ་ཐང་ཤེས་བྱའི་འཆད་ཁྲིད་རབ་དང་རིམ་པའི་འོད་སྡེར་བཟོས་པ་མ་ཟད། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་སུ་བྱ་སྒྲོའི་སྤོ་ལོའི་མཐུན་ཚོགས་བཙུགས་ཏེ“ནུས་པར་ཚད་ཡོད་ཀྱང་འབད་བརྩོན་ལ་ཚད་མེད་པའི”དམ་བཅའ་ལག་ལེན་བྱས་ཡོད་པ་རེད།

    བརྩེ་སེམས་ལ་བརྟེན་ནས་དམངས་ལ་ཕན་པ་བཏགས་པ།

    ལོ་གསུམ་རིང་ཧྥུའུ་ཅན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཡོང་བའི་ཞེ་དབྱིང་གིས་གཞི་རིམ་ལ་ཐེངས་མང་བསྐྱོད་པ་དང་ཤང་དང་གྲོང་རྡལ་ལྔ་བཅུ་དྲུག་ཅུ་ཙམ་ལ་བསྐྱོད་ཅིང་། ཁོང་གིས་གཞི་རིམ་དུ་བསྐྱོད་རིམ་བཞིན་ས་གནས་འདི་གའི་མང་ཚོགས་ཀྱི་དཀའ་ངལ་སེལ་གྱི་ཡོད། སྨན་གླིང་རྫོང་སྨད་གྲོང་ཚོའི་གྲོང་མིས་ཁྱིམ་དུ་ཆུ་སྐོལ་ཆས་མེད་སྟབས་གཟུགས་པོ་འཁྲུ་བའི་ཐད་དཀའ་ངལ་འཕྲད་ལུགས་སྐོར་བརྗོད་པས། ཁོང་གིས་མ་དངུལ་སྒོར་ཁྲི་12.8བརྩོན་ལེན་བྱས་ཏེ་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་64ལ་ཉི་ནུས་ཆུ་སྐོལ་ཆས་སྒྲིག་སྦྱོར་བྱས་པ་རེད། མེ་ཏོག་རྫོང་ཝན་ལང་གྲོང་ཚོའི་གྲོང་མིས་ཡུར་བུ་བཟོ་བའི་མ་དངུལ་མི་འདང་བའི་སྐོར་བརྗོད་པས། ཞེ་དབྱིང་གིས་འཕྲལ་མར་མ་དངུལ་སྒོར་ཁྲི་6གྲབས་གསོག་བྱས་ཏེ་དུད་ཚང་49ལ་ཡུར་བུ་བཟོས་པ་རེད།

    འདི་ལོའི་ཟླ་4ཚེས་26ཉིན་གཅེས་སེམས་མཚོན་པའི་བྱེད་སྒོ་ཞིག་བོད་ལྗོངས་ལས་ཞུགས་ཅུས་སུ་སྤེལ་ཞིང་། པེ་ཅིང་གི་ཁེ་ལས་གཉིས་ཀྱིས་མངའ་རིས་ས་ཁུལ་གྱི་མི་ཧྲེང་རྒན་རྒོན་དང་། བྱིས་པ། དཀའ་ངལ་ཡོད་པའི་མང་ཚོགས་སོགས་ལ་རིན་ཐང་སྒོར་ཁྲི་370ཡི་གྱོན་ཆས་5000ལྷག་ཙམ་ཞལ་འདེབས་ཕུལ་བ་རེད། ད་ཐེངས་ཀྱི་ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ལས་བྱེད་པ་ཀྲོའུ་སུང་ལིང་གིས་སྐུལ་སློང་བྱས་པ་ཞིག་རེད། ལོ་གསུམ་རིང་ཀྲོའུ་སུང་ལིང་གིས་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་པ་ཕུད། ད་དུང་ཉེ་འཁོར་གྱི་ཁེ་ལས་མཁས་ཅན་དང་གྲོགས་པོ་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་སུ་བཅུག་ནས་བོད་སྐྱོར་གྱི་གྲོས་མཐུན་མང་པོ་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།