ཚེས་4ཉིན་གྱི་ཕྱི་དྲོ། བོད་ཀྱི་ཁྱད་ཆོས་ལྡན་པའི་ནུས་ལྡན་བཟའ་བཏུང་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་གླེང་སྟེགས་དང་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་བའི་མཛད་སྒོ་ལྷ་སར་འཚོགས་པ་རེད།
ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ང་ཕོད་འཇིགས་ཡོན་མཛད་སྒོར་ཞུགས་པ་དང་འབྲེལ་སྒོ་བྱང་གི་ཡོལ་བ་ཕྱེ་གནང་བ་རེད།
ད་ཐེངས་གླེང་སྟེགས་ཀྱི་ནང་དོན་དང་། ཞིབ་འཇུག་རྣམ་གྲངས་ངོ་སྤྲོད། རིགས་གཅིག་མཁས་ཅན་གྱི་གཏམ་བཤད་བཅས་ཉན་རྗེས་ཚོགས་འདུའི་ཐོག ད་ཐེངས་ཀྱི་གླེང་སྟེགས་འཚོགས་པ་དང“བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས”བཙུགས་པ་དེས་བོད་ཀྱི་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ཁུངས་དེ་བས་ལེགས་པའི་སྒོ་ནས་གསར་སྤེལ་བེད་སྤྱོད་དང་། སྤུས་ཀ་ལེགས་ལ་བདེ་ཐང་གི་འཚོ་བའི་ཐད་ཀྱི་འཛད་སྤྱོད་པའི་དགོས་མཁོ་སྐོང་བ། བོད་ཀྱི་ཐོན་རྫས་ཀྱི་ཚན་རྩལ་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། བོད་ཀྱི་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ཐོན་རྫས་ཀྱི་གྲགས་ཅན་སྤུས་རྟགས་གཏོད་རྒྱུར་ཕན་པ་ཡོད་ལ། ཞིང་འབྲོག་པའི་ཡོང་འབབ་འཕར་ནས་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། བོད་ཀྱི་རང་བརྟེན་ནུས་པ་ཆེ་རུ་བཏང་ནས་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ནུས་ལྡན་བཟའ་བཏུང་ཐོན་རྫས་ལས་རིགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུར་ཕན་པ་ཆེན་པོ་ལྡན་ཡོད་ཅེས་བསྟན་པ་རེད།
ཚོགས་འདུའི་ཐོག་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་ནང་ས་དང་སྤེལ་རེས་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་ལེགས་ཆ་གསབ་རེས་དང་། མཉམ་ལས་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་བྱས་ཏེ་བོད་འདི་ཉིད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་བྱས་པ་རེད།