དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཡུལ་མིས་ཕྱི་རྒྱལ་ནས་ཅ་དངོས་ཉོ་སྒྲུབ་བྱེད་ཚད་རིམ་བཞིན་མང་དུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-06-06

    ད་ཕན་ལོ་ཤས་རིང་། དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་སྦྲགས་ཟོག་ཉོའི་དྲ་ཚིགས་དང་ཚབ་ཉོའི་ལས་སྟེགས་བརྒྱུད་རྒྱལ་སྤྱིའི་ཟོག་འགྲེམས་ནས་ཕྱི་རྒྱལ་གྱི་ཚོང་ཟོག་ཉོ་སྒྲུབ་བྱེད་པའི“ཕྱི་ཟོག་ཉོ་མཁན་ཚོགས་པ”ཞེས་འབོད་པའི་མི་ཚོགས་བོད་དུ་རིམ་བཞིན་མང་དུ་སོང་བ་དང་། བོད་ཀྱི་ཡུལ་མིས་ཕྱི་ཟོག་ཉོ་སྒྲུབ་བྱེད་ཚད་རིམ་བཞིན་མང་དུ་འགྲོ་བཞིན་མཆིས།

    ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2015ལོར་ལྷ་ས་འགག་སྒོ་ནས་སྒོ་ཁྲལ་བསྡུས་པའི་ནང་འདྲེན་སྦྲག་སྐྱེལ་དངོས་ཟོག་བསྡོམས་14440ཟིན་པ་དེ་2014ལོ་དང་བསྡུར་ན་65.14%འཕར་བ་དང་། དེའི་ནང་དྲ་ཐོག་ཉོ་སྒྲུབ་དངོས་ཟོག་གིས་90%ཙམ་བཟུང་བ། བྱུག་རྫས་དང་། གྲངས་གཞིའི་ཐོན་རྫས། མ་བུའི་མཁོ་ཆས་བཅས་ཀྱིས་80%ཡན་བཟུང་ཞིང་། དེ་དག་ཧན་གོ་དང་། རི་པིན། ཧོ་ལན་སོགས་རྒྱལ་ཁབ་མང་པོ་ཞིག་ནས་ཉོ་སྒྲུབ་བྱས་པ་ཞིག་རེད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས་པར། བོད་འདི་ཉིད་ས་ཐག་རིང་བ་དང་སྐྱེལ་འདྲེན་མ་གནས་ཅུང་མཐོ་བས་བོད་ཀྱི་དམངས་ཚོགས་ཀྱིས་ཕྱི་རྒྱལ་ནས་དངོས་ཟོག་ཉོ་སྐབས་སྡེབ་གཅིག་ལ་ཅ་དངོས་མང་པོ་ཞིག་ཉོ་གི་ཡོད། ཡིན་ནའང་གཏན་འབེབས་གཞིར་བཟུང་རྣམ་ཀུན་གྱི་སྦྲག་སྐྱེལ་བྱེད་ཐབས་ནས་ནང་འདྲེན་བྱས་པའི་དངོས་ཟོག་རྣམས་མི་སྒེར་གྱི་སྒེར་སྤྱོད་གྲངས་འབོར་ཚད་གཞིར་བྱེད་ཀྱི་ཡོད། དེར་བརྟེན། འགག་སྒོ་ལས་སྒྲོལ་སྐབས་རྙོག་དྲ་མེད་པའི་ཆེད་དུ་ཚང་མས་ཕྱི་རྒྱལ་ནས་ཅ་དངོས་ཉོ་སྐབས་སྔོན་ནས་འབྲེལ་ཡོད་འགག་སྒྲོལ་སྲིད་ཇུས་ཤེས་རྟོགས་བྱེད་དགོས།

    ཕྱི་ཟོག་ཉོ་སྒྲུབ་ཁྲོམ་རས་འཛད་སྤྱོད་པའི་ཡིད་དབང་ཆེན་པོ་བཀུག་མོད། འོན་ཀྱང་ཉེན་ཁའང་ཆེན་པོ་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཕྱི་ཟོག་ཉོ་མཁན་ཚོགས་པར། ཕྱི་རྒྱལ་གྱི་དྲ་ཐོག་ཚོང་ཁང་འདེམས་སྐབས་ཡིད་གཟབ་བྱེད་དགོས་པ་དང་། ཡག་ཤོས་བྱུང་ན་གཞུང་ཕྱོགས་དྲ་ཚིགས་དང་ཚད་ལྡན་དྲ་ཚིགས་ནས་མངགས་ཉོ་བྱེད་དགོས་པ་དང་། འཛད་སྤྱོད་པས་ཚོང་ཟོག་དང་དྲ་ཚིགས་ཀྱི་གདེང་འཇོག་ཇི་འདྲ་ཡོད་མེད་ལ་དོ་སྣང་བྱས་ཏེ། གྱོང་གུན་མི་ཕོག་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    རྒྱལ་ནང་དུ་ཅ་དངོས་ཉོ་བ་དང་བསྡུར་ན། ཕྱི་རྒྱལ་ནས་ཉོས་པའི་ཅ་དངོས་དག་ས་ཐག་རིང་བ་སོགས་ཀྱིས་རྐྱེན་པས། གལ་ཏེ་ཅ་དངོས་བརྗེ་པོ་སློག་དགོས་ཚེ་དུས་ཚོད་རིང་པོ་འགོར་གྱི་ཡོད་པ་མ་ཟད་མ་གནས་ཀྱང་མཐོ་པོ་ཡོད། འཛད་སྤྱོད་པས་ཕྱི་རྒྱལ་ནས་ཅ་དངོས་མ་ཉོས་གོང་འགག་སྒོའི་དཔྱ་ཁྲལ་ཤེས་བྱ་དང་ཕྱི་རྒྱལ་གྱི་སྐད་ཤེས་པ་བྱེད་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། འཛད་སྤྱོད་པས་ཕྱི་རྒྱལ་ནས་ཉོས་པའི་ཅ་དངོས་ཐད་འཛད་སྤྱོད་རྩོད་གཞི་འཕྲད་ཚེ་རྒྱལ་ནང་དུ་ཞུ་གཏུག་རྒྱག་ཐབས་མེད་པ་དང་ཕྱི་རྒྱལ་གྱི་ས་གནས་དེ་གའི་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་བྱེད་དགོས་ཀྱི་ཡོད་པས་རྙོག་དྲ་ཚ་པོ་ཡོད། དེར་བརྟེན་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འཛད་སྤྱོད་པར་རིན་གོང་མཐོ་བའི་ཚོང་ཟོག་ཉོ་སྐབས་ངེས་པར་དུ་ཡིད་གཟབ་བྱས་ཏེ་འབྲེལ་ཡོད་བཙོངས་འཛིན་དང་སྐྱེལ་ཐོ་ཡག་པོ་ཉར་ནས་ཚོང་ཟོག་གི་ཁེ་དབང་སྲུང་སྐྱོང་དང་ཕྱིར་སློག་བསྐྱར་བཟོ་སོགས་ཀྱི་རྙོག་དྲ་ཉུང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།