འཕྲིན་གཏོང་ལས་རིགས་གོང་འཕེལ་མགྱོགས་མྱུར་ཕྱིན་པ་དང་བསྟུན་ནས། འཛམ་གླིང་ཡང་རྩེར་འབོད་པའི་མཚོ་བོད་ས་མཐོ་ཡང་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དང་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།
ཉེ་ལམ་ལོ་ཤས་རིང་། བོད་ལྗོངས་ཀྱི་འཕྲིན་གཏོང་ལས་རིགས་གོང་འཕེལ་མགྱོགས་པོ་ཕྱིན་ནས་དྲ་སྦྲེལ་སྤྱོད་མཁན་གྱི་ཁྱབ་ཚད་བརྒྱ་ཆ་དྲུག་ཅུ་ལས་བརྒལ་བས། སྤྱི་ཚོགས་གོང་འཕེལ་དང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། འདི་ལོའི་སྤྱི་ཟླ་གསུམ་པའི་ཟླ་མཇུག་བར། བོད་ལྗོངས་ཀྱི་འགུལ་བདེའི་དྲ་སྦྲེལ་སྤྱོད་མཁན་གྱི་གྲངས་ཚད་དུད་ཁྱིམ་ཁྲི་163.9ཟིན་ཡོད་པ་དང་། དྲ་སྦྲེལ་སྤྱོད་མཁན་གྱི་ཁྱབ་ཚད་བརྒྱ་ཆ་60.1ཟིན་པ། དྲ་སྦྲེལ་ཐག་ཡངས་བེད་སྤྱོད་གཏོང་མཁན་དུས་མཚུངས་ལས་བརྒྱ་ཆ་22.3མང་དུ་ཕྱིན་ཡོད་པ་རེད།
འཛམ་གླིང་གི་ཡང་རྩེའི་ཡང་རྩེར་འབོད་པའི་མངའ་རིས་ས་ཁུལ་དུ་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་ཀྱང་། དེ་གའི་མང་ཚོགས་ལ་དྲ་སྦྲེལ་གྱིས་ཕན་པ་སྦྱིན་ཡོད། མཚོ་ཆེན་རྫོང་ནི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་ལས་གཞིའི་ཚོད་ལྟའི་རྫོང་ཡིན་པ་དང་། ས་མཐོའི་ཁྱད་ལྡན་འབྲོག་ལས་ཐོན་རྫས་སོགས་བཟང་ཆ་ལྡན་པའི་ཐོན་རྫས་ལ་བརྟེན་ནས་གློག་རྡུལ་ཚོང་པའི་ཕྱུག་གྱུར་ལམ་བུར་བསྐྱོད་འགོ་ཚུགས་ཡོད།
མིག་སྔར། མཚོ་ཆེན་རྫོང་གི་གློག་རྡུལ་ཚོང་དོན་གྱི་ཉམས་ལེན་ཁང་གི་ཟུར་གཏོགས་ཡིན་པའི་སྒེར་གྱི་ཐའོ་པའོ་དྲ་ཐོག་ཚོང་ཁང་དགུས་བཀྲ་རི་གནམ་མཚོའི་གཟིམ་སྤོས་དང་། ར་ཁུལ་སྨུག་པོའི་ཐོན་རྫས་སོགས་ཀྱི་ཉོ་ཚོང་དངུལ་འབོར་སྒོར་ཁྲི་40ལྷག་ཟིན་ཡོད་པ་དང་། རྫོང་དེ་ཡོངས་ཀྱི་གློག་རྡུལ་ཚོང་པའི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་500ཙམ་ཟིན་ཡོད་པ་རེད།