
སྤྱི་ཚོགས་ཧྲིལ་པོའི་དཔལ་འབྱོར་གྱི་ཆུ་ཚད་གོང་མཐོར་འགྲོ་བ་དང་བསྟུན་ནས་མི་མང་པོས་རླངས་འཁོར་ཉོ་བ་ནི་འཚོ་བའི་ཁྲོད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། དེར་བརྟེན་རླངས་འཁོར་ཉོ་སྐབས་གཤམ་གྱི་དོན་ཚན་ཁག་ལ་ཡིད་གཟབ་བྱེད་དགོས།
1. དང་ཐོག་རང་ཉིད་ཀྱིས་ཉོ་ཐུབ་པའི་ཚད་གཞིའི་ནང་གི་རླངས་འཁོར་དེ་ཚོའི་དཔྱད་ཡིག་དང་། རླངས་འཁོར་གྱི་རིན་གོང་ཐོག་དཔྱ་ཁྲལ་དང་དེ་མིན་ཟུར་བསྣན་གྲོན་དངུལ་སོགས་ཚང་མ་བསྣན་ནས་རྩིས་དགོས།
2. ངེས་པར་དུ་རང་ཉིད་ཀྱིས་ཉོ་དགོས་བསམ་པའི་རླངས་འཁོར་གྱི་ཟོག་རྟགས་དང་ཞབས་ཞུའི་སྤུས་ཚད། དེ་མིན་རླངས་འཁོར་བཟོ་གྲྭའི་སྙན་གྲགས་ཆེ་ཆུང་། བཟོ་གྲྭའི་གཞི་ཁྱོན་ཆེ་ཆུང་ཚང་མར་དབྱེ་ཞིབ་ཡག་པོ་བྱ་དགོས།
3 . ཁྱེད་ཀྱིས་ཉོ་དགོས་བསམ་པའི་རླངས་འཁོར་དེ་རིགས་ལ་རང་སྡོད་སའི་ས་གནས་སུ་ཞབས་ཞུའི་རྣམ་གྲངས་ཡོད་མེད་དང་གཞི་རྒྱ་ཆེ་ཆུང་ཇི་ཙམ་ཡོད་མེད། ཞབས་ཞུའི་སྤུས་ཚད་སྤུས་དག་ཡིན་མིན་སོགས་ཁ་གསལ་བཟོ་དགོས།
4. ཁྱེད་ཀྱིས་རླངས་འཁོར་གང་ཞིག་ཉོས་ཀྱང་ངེས་པར་དུ་རླངས་འཁོར་དེའི་སྣུམ་འགྲོ་སོང་ཆེ་ཆུང་ཞིབ་ཕྲ་སྐད་ཆ་འདྲི་བའམ་ཡང་ན་རླངས་འཁོར་གྱི་གསལ་བཤད་ཡི་གེར་གཟབ་ནན་ལྟ་དགོས། ལྟ་ཞིབ་བྱས་ཚར་རྗེས་སུ་ཟླ་བ་གཅིག་གི་སྣུམ་འགྲོ་སོང་དེ་དངུལ་ལ་ཕབ་ནས་ཟླ་རེར་དངུལ་ག་ཚོད་འགྲོ་མིན་ལྟ་དགོས་པ་མ་ཟད། ད་དུང་རླངས་འཁོར་ཉམས་གསོའི་རིན་པ་སོགས་ཚང་མ་བསྡོམས་ནས་བསྡོམས་གྲངས་དེ་དང་རང་ཉིད་ཀྱི་ཟླ་རེའི་ཡོང་འབབ་ཕན་ཚུན་བསྡུར་དགོས།