དབུ་ཤོག>གསར་འགྱུར།
  • དྲ་བ་ཟེར་ནས་ཧང་སངས་མ་གནང་དང་། དྲ་ཚོང་མཁས་པ་འབྲོག་པ་སྐྱིད་དར་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-05-13

    འདི་ལོ་ལོ་26ལ་སླེབས་པའི་སྐྱིད་དར་ནི་གཉའ་ནང་རྫོང་སྤོ་རོང་ཤང་སེར་ལུང་གྲོང་ཚོའི་གྲོང་མི་ཡིན་པ་དང་། 2006ལོར་སྐྱིད་དར་དམའ་རིམ་སློབ་འབྲིང་ཐོན་རྗེས། ཁྱིམ་གྱི་ངལ་ནུས་མི་འདང་བའི་དབང་གིས། མཐོ་རིམ་སློབ་འབྲིང་ལ་ཚུད་པའི་སྐྱིད་དར་སློབ་མཚམས་བཞག་ནས་ཕྱུགས་འཚོ་བར་མི་འགྲོ་ཀ་མེད་བྱུང་ཡོད།

    སློབ་གྲོགས་ཚོ་མུ་མཐུད་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། རང་ཉིད་གཅིག་པུ་རྩྭ་ཐང་ཐོག་ཕྱུགས་རིགས་འཚོས་ནས་སྡོད་དགོས་སྟབས། སྐྱིད་དར་བློ་ཡིད་མ་རངས་པར་2008ལོར་ཁོང་གིས་ནང་མིའི་ལྐོག་ཏུ་ལྷ་སར་སྐྱོད་དེ་དང་ཐོག་ལྷ་སའི་ཨར་ལས་བྱ་ཡུལ་ཞིག་ཏུ་གླ་པ་བྱས་ནས་བསྡད་པ་དང་། དེ་རྗེས་ཉིང་ཁྲི་གྲོང་ཁྱེར་གྱི་ནང་མ་ཁང་ཞིག་གི་གཞས་པ་བྱས།

    ཐེངས་ཤིག་ནང་མའི་ནང་གཞས་བཏང་ཚར་ནས་ངལ་གསོ་རྒྱག་སྐབས། སྐྱིད་དར་གྱིས་ལས་རོགས་བློ་བསྟན་གྱིས་བཏགས་པའི་སྨྱུག་གདུབ་དེ་མཐོང་། བློ་བསྟན་གྱིས་ངོ་སྤྲོད་བྱས་པ་བརྒྱུད། སྐྱིད་དར་གྱི་སེམས་ནང་དེ་ནི་ཡོང་འབབ་གསོག་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པའི་ཚོར་སྣང་བྱུང་།

    2014ལོའི་ཟླ་8པར་སྐྱིད་དར་ཆེད་མངགས་འཁྲི་ཤིང་བྱ་ཁྲག་མདོག་ཐོན་ཡུལ་ལྷོ་ཁར་སྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས། སྨྱུག་གདུབ་བཟོ་བ་དང་ཕྱིར་འཚོང་རྒྱུ་དེ་རང་ཉིད་དང་ཧ་ཅང་འཚམ་པོ་ཡོད་ལ། ད་དུང་མ་དངུལ་ཡང་མང་པོ་མི་དགོས་སྟབས། ཁོ་པས་དེ་གར་བསྡད་དེ་ས་གནས་དེ་གའི་ཞིང་འབྲོག་པའི་ས་ནས་སྨྱུག་གདུབ་བཟོ་སྟངས་སྦྱངས།

    སྐྱིད་དར་གྱིས་སྨྱུག་གདུབ་བཟོ་བའི་ལག་རྩལ་རོབ་ཙམ་སྦྱངས་རྗེས། ས་གནས་དེ་གའི་ཞིང་པའི་ས་ནས་འཁྲི་ཤིང་བྱ་ཁྲག་མདོག་800ལྷག་ཙམ་ཉོས་ནས་ལྷ་སར་སྡེབ་ཚོང་རྒྱག་པར་ཡོང་ཡོད། ལམ་གྲོན་སོགས་འགྲོ་སོང་ཙག་ཙིག་ཕུད་ད་དུང་ཡོང་འབབ་སྒོར་བདུན་སྟོང་ལྷག་ཙམ་བྱུང་བ་དེ། གླ་པ་བྱས་པ་ལས་ལྡབ་མང་པོས་ཡག་པ་ཡོད། ཡིན་ན་ཡང་སྐྱིད་དར་གྱིས་རང་ཉིད་ལ་བྱུང་བ་ནི་ཁེ་བཟང་ཕྲན་བུ་ཙམ་ཡིན་པ་ལས་ཁེ་བཟང་མང་ཆེ་བ་གཞན་ལ་ཡོང་གི་ཡོད་པ་ཤེས་པ་དང་། རང་གིས་ལག་གདུབ་བཟོས་ནས་འཚོང་བར་བསྐྱོད་ཚེ་ཡོང་འབབ་དེ་ལས་མང་བ་ཡོང་གི་རེད་སྙམ། དུས་ཡུན་རིང་པོ་མ་སོང་བར་གནད་དོན་གསར་པ་ཞིག་ཐོན་པ་ནི། ས་སྟེང་དུ་ཁྲོམ་འདོན་མི་ཆོག་ཅིང་། གལ་སྲིད་གྲོང་ཁྱེར་དོ་དམ་པས་ཧ་གོ་ན། སྨྱུག་གདུབ་གཞུང་བཞེས་བཏང་ནས་གྱོང་གུན་དེ་བས་ཆེ་བ་ཡོང་བ་དེ་རེད།

    དེར་བརྟེན་སྐྱིད་དར་གྱིས་སྨྱུག་གདུབ་ཚོང་ལམ་འཚོལ་ཞིབ་བྱ་རྒྱུའི་ཐག་བཅད། བྱ་ཐབས་མང་པོ་སྤྱད་པ་བརྒྱུད་དབང་དབྱང་ཟེར་བའི་པའེ་ཏུའུ་དྲ་བའི་འཁྲི་ཤིང་བྱ་ཁྲག་མདོག་གི་སྦྱིན་བདག་གི་རོགས་རམ་ཐོབ་པ་དང་། སྐྱིད་དར་གྱིས་དྲ་ཐོག་ཏུ་སྨྱུག་གདུབ་འཚོང་འགོ་བརྩམས། ཁོང་ཡང་པའེ་ཏུའུ་དྲ་བའི་སྨྱུག་གདུབ་འཚོང་མཁན་གྱི་བོད་རིགས་ཚོང་པ་གཅིག་པུ་དེར་གྱུར། ཐབས་ལམ་དེས་སྐྱིད་དར་ལ་ལམ་འགྲོ་རྒྱུག་འགོ་ཚུགས་པ་དང་། ཁོང་གི་སྨྱུག་གདུབ་ཚོང་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་ཇེ་ལེགས་སུ་ཕྱིན་ཏེ་རྟག་ཏུ་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་མེད།

    ན་ནིང་ཟླ་3པར་སྐྱིད་དར་གྱིས་གཅུང་པོ་དཀོན་མཆོག་ཡང་ལྷ་སར་སྐད་བཏང་ནས་གཅེན་གཅུང་གཉིས་ཕྱར་བ་གྲུ་འདེགས་ཀྱིས་ཚོང་བརྒྱབ་པས་བྲེལ་བ་ཆེ་ཙམ་ཡོད་རུང་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།