ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་ཚོང་རྟགས་འཐབ་ཇུས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས་ཚོང་རྟགས་ཀྱིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱས་ཡོད། མིག་སྔར་ལྷ་སའི་སྤུས་རྟགས་གཏོད་པའི་ཕན་འབྲས་མངོན་གསལ་དོད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ཚོང་རྟགས་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཚོང་རྟགས་དང་བརྡ་ཁྱབ་ལྟ་སྐུལ་དོ་དམ་ཁོའོ་ཡི་འབྲེལ་ཡོད་འགན་འཁུར་བས་མིག་སྔའི་བར་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཚོང་རྟགས་ཀྱི་བསྡོམས་འབོར་4029ཟིན་པ་དང་ལོ་རེར་ཆ་སྙོམས་འཕར་ཚད་30%ཟིན་ཡོད། དེའི་ཁྲོད་སྙན་གྲགས་ཀུན་ཁྱབ་ཀྱི་ཚོང་རྟགས་13དང་། གྲགས་ཅན་ཚོང་རྟགས་63 ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་1བཅས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འགན་འཁུར་བ་དེས་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས“སྤུས་རྟགས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་རྒྱུ་དང་སྤུས་རྟགས་ལ་བརྟེན་ནས་ཁེ་ལས་དར་རྒྱས་གཏོང་རྒྱུ”འགན་འཁྲིར་བརྩིས་ནས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས《ལྷ་ས་གྲོང་ཁྱེར་གྱི་ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལག་བསྟར་བསམ་འཆར》གྱི་མ་ཟིན་བྲིས་ནས་བརྟག་ཞིབ་གཏིང་ཟབ་དང་། སྤུས་རྟགས་གཏོད་གང་ཐུབ། རང་འགུལ་ངང་ཁྲིད་སྟོན་དང་རོགས་སྐྱོར་བཅས་བྱས་ནས་ཁེ་ལས་ཀྱིས་ཀྲུང་གོའི་གྲགས་ཅན་ཚོང་རྟགས་དང་བོད་ཀྱི་གྲགས་ཅན་ཚོང་རྟགས་གཏོད་རྒྱུར་སྐུལ་ལྕག་བཏང་སྟེ་གྲོང་ཁྱེར་ཡོངས་སུ་སྲིད་གཞུང་གིས་ཡང་དག་ཁྲིད་སྟོན་དང་། སྡེ་ཚན་གྱིས་རྒྱབ་སྐྱོར་ཤུགས་ཆེན། ཁེ་ལས་ཀྱིས་རང་འགུལ་ངང་གཉེར་སྐྱོང་། མང་ཚོགས་ཧུར་ཐག་ཞུགས་པ་བཅས་ཀྱི“ཚོང་རྟགས་ལ་མཐོང་ཆེན་དང་སྤུས་རྟགས་གཏོད་པའི”རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད་ཅེས་ཤོད་ཀྱི་འདུག
“གྲགས་ཅན་ཚོང་རྟགས་དེ་དག་བོད་སྨན་དང་། གཏེར་ཆུ། ཨར་སྐྲུན་རྒྱུ་ཆ། སྣོད་བཅུད་ཞིང་འབྲོག་ཐོན་རྫས་སོགས་ལས་རིགས་ཁག་གི་ཁོངས་སུ་གཏོགས་པ་དང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་པས་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་ཚོང་རྟགས་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་འགོ་འཛུགས་འགོར་བ་དང་རྨང་གཞི་ཞན་པ་སོགས་ཀྱི་རྐྱེན་པས་ཚོང་རྟགས་ལས་དོན་ཐད་གནད་དོན་མང་པོ་ཞིག་ལྷག་ཡོད་པ་དཔེར་ན། ཁེ་ལས་ཁག་གིས་ཚོང་རྟགས་ཀྱི་རིན་ཐང་ལ་ངོས་འཛིན་བྱེད་ཚད་མི་འདང་བ་དང་། སྤུས་རྟགས་གཏོད་པའི་འཇོན་ཐང་ཆེན་པོ་མེད་པ། སྤུས་རྟགས་ཀྱི་རིན་གོང་དང་སྤུས་རྟགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་མེད་པ་སོགས་རེད”ཅེས་འགན་འཁུར་བ་དེས་བཤད།
བོད་བྱའི་སྒོ་ང་དང་། བོད་ཕག ཚགས་ཤ་སོགས་ནི་གངས་ལྗོངས་ས་མཐོ་ནས་ཐོན་པའི་མཆོག་ནོར་ཤ་སྟག་རེད། ད་ཆ་ཐོན་རྫས་དེ་དག་ཐོག“ལྷ་ས་ས་གཙང”ཞེས་པའི་མཚོན་རྟགས་བཀོད་ཡོད་པས། དེ་ཉིད་ནང་སའི་འཛད་སྤྱོད་པ་དང་ཐ་ན་ཕྱི་རྒྱལ་བས་བོད་ཀྱི་ཟས་མཆོག་མྱོང་རོལ་བྱེད་པའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད། འགན་འཁུར་བ་དེས“འདི་ལོ་ང་ཚོས་ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལག་ལེན་བསྟར་རིང‘ཁག་གཅིག་གསོ་སྐྱོང་དང་། ཁག་གཅིག་རེ་ཞུ། ཁག་གཅིག་གྲབས་གསོག’བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་ལ་དམིགས་ནས་ས་མཐོ་དང་། མི་རིགས། རིག་གནས། ལྗང་མདོག་བཅས་ཀྱི་ཚོང་རྟགས་གང་ལེགས་བཏོད་དེ་ཚོང་རྟགས་འཕར་ཚད་10%ནས་མ་ཆག་པ་བྱ་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས།
ཚོང་རྟགས་ཀྱི་བདག་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཚོང་རྟགས་གྲགས་ཅན་ལ་བརྫུས་པར་རྡུང་རྡེག་གཏོང་བ་དང་ཁེ་དབང་སྲུང་སྐྱོང་བྱེད་པའི“ཤར་གཏོང་བགྲོད་ལམ”བཏོད་ནས་ཚོང་རྟགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་ཚོང་རྟགས་ངོ་ཚབ་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཚོང་རྟགས་ངོ་ཚབ་སྒྲིག་གཞི་བདུན་ལ་མཐིལ་རྟོག་ཞིབ་བཤེར་བྱས་ཏེ་ཚོང་རྟགས་ངོ་ཚབ་ཀྱི་རིམ་དབྱེའི་ཡིད་རྟོན་ཡིག་ཚགས་བཟོས་ཡོད། དེ་དང་དུས་མཚུངས《ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་ཚོང་རྟགས་ཆེད་སྤྱོད་དབང་ཆ་སྲུང་སྐྱོང་དང་དབང་ཆར་བཙན་གནོད་གཏོང་བའི་ཚོང་ཟོག་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་ཁྲིམས་འཛིན་ཇུས་གཞི》བཟོས་ནས་གཤམ་སྤེལ་བྱས་ཤིང་། ཚོང་རྟགས་ཀྱི་དབང་ཆར་བཙན་གནོད་བཏང་བ་དང་དེ་བཞིན་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་ཚོང་གི་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་དབང་ཆར་བཙན་གནོད་གཏོང་མཁན་ཁག་གཅིག་དམར་རྗེན་དུ་བཏོན་པ། ཐོ་འགོད་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་གཏོང་བ་དང་། ཤེས་བྱའི་བདག་དབང་ལ་བཙན་གནོད་གཏོང་བ། རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་ཚོང་བྱེད་པ་བཅས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་པ་བཅས་རེད། ཉེ་བའི་ལོ་གསུམ་རིང་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཚོང་རྟགས་ཀྱི་དབང་ཆར་བཙན་གནོད་བཏང་བའི་གྱོད་གཞི་160ལྷག་ཙམ་སྒྲུབ་གཉེར་བྱས་ནས་དངུལ་ཆད་སྒོར་ཁྲི་170ལྷག་ཙམ་བཏང་བ་རེད།