དབུ་ཤོག>གསར་འགྱུར།
  • བོད་ལྗོངས་སུ་འདི་ལོ་མུའུ་5000ཡོད་པའི་ཚོད་ལྟའི་དཔེ་སྟོན་རྟེན་གཞི་ཞིག་སྐྲུན་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-04-17

    རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་འབད་བརྩོན་འོག་ན་ནིང་རང་ལྗོངས་ཀྱིས་མུའུ་4000ཡོད་པའི་རྫས་ལུད་གསར་པའི་ཚོད་ལྟའི་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན་ནས་རྫས་ལུད་གསར་པ་སྤྱོད་ཚད་10%ནས་20%བར་མང་དུ་ཕྱིན་པ་དང་དཔེ་སྟོན་ཁུལ་གྱི་ནས་ཐོན་ཚད་8%ནས་10%བར་འཕར་ཡོད། འདི་ལོ་རྣམ་གྲངས་ཚོགས་ཆུང་གིས་མུའུ་5000ཡོད་པའི་ཚོད་ལྟའི་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན་ནས་ཆུ་དང་རྫས་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ཚོད་ལྟའི་ལས་དོན་སྤེལ་རྩིས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ཆུ་ཚད་མཐོ་རུ་གཏོང་ཆེད། 2015ལོར་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་དང་བོད་ཀྱི་ཡོན་ཧྲི་ཞིང་ལས་ལག་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་མཉམ་དུ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་མ་དངུལ་རྣམ་གྲངས“སྐྱེ་དངོས་ཐོན་མཐོའི་འདེབས་གསོའི་ཁྲོད་ནུས་ཆེའི་ཁོར་ཡུག་སྲུང་སྐྱོབ་རྣམ་པའི་རྫས་ལུད་ཀྱི་དཔེ་སྟོན་དང་ཁྱབ་གདལ”ཞེས་པ་ལག་ལེན་བསྟར་ཞིང་། ཡོན་ཧྲི་ཡོན་ལུང་ཕིང་གིས་ཆུ་འབྲས་ཐོན་མཐོའི་འགག་སྒྲོལ་གྱི་སྲོག་ཤིང་ལག་རྩལ་དང་ཐོན་རྫས་ནང་འདྲེན་བྱས་ནས་ཁོང་དུ་ཆུད་པར་བྱས་ཏེ་ནས་དང་། ཞོག་ཁོག འབྲས་ཤིང་། སྒྲིག་བཀོད་སྔོ་ཚལ། གཟན་ཆག་སོགས་སྐྱེ་དངོས་ཀྱི་ལྗང་མདོག་ཐོན་འཕར་འབབ་འཕར་གྱི་ལག་རྩལ་འདུས་གྲུབ་མ་ལག་ཅིག་བཏོད་ཡོད་པ་རེད།

    ན་ནིང་རྣམ་གྲངས་ཚོགས་པས་རིམ་རྩིས་བྱས་ན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་། ལྷོ་ཁ་ས་ཁུལ་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་བཅས་སུ་མུའུ་4000ཡོད་པའི་ཚོད་ལྟའི་དཔེ་སྟོན་རྟེན་གཞི་བསྐྲུན་ཡོད། རྫས་ལུད་གསར་པར་ལྡན་པའི་སྐྱེ་དངོས་འགྱུར་སྐུལ་རྫས་ཀྱི་ཕན་པ་ཡུན་ཐོན་ནུས་པ་དེ་དམིགས་སུ་བཀར་ནས་ཁྱབ་གདལ་གཏོང་བའི་སྐྱེ་དངོས་ཐད་འབུར་དུ་ཐོན་པ་སྟེ། གཅིག་ནི་རྫས་ལུད་བེད་སྤྱོད་ཚད་10%ནས་20%བར་མཐོ་རུ་ཕྱིན་པ་དང་། གཉིས་ནི་ཁ་ལུད་རྒྱག་པའི་ཐད་ངལ་རྩོལ་ནུས་ཤུགས་ཀྱི་གཏོང་ཆ་ཉུང་དུ་སོང་བ། གསུམ་ནི་སྐྱེ་དངོས་མངོན་གསལ་དོད་པོས་ཐོན་འཕར་བྱུང་སྟེ་ཞིང་དུད་ཀྱིས་རྒྱུན་དུ་སྤྱོད་པའི་ཞིང་ནང་གཡོག་བྱེད་བྱེད་ཐབས་དང་བསྡུར་ན་ནས་ཐོན་ཚད་འཕར་ཚད་8%ནས་10%བར་མཐོ་རུ་ཕྱིན་པ་བཅས་རེད།

    “དཔེ་སྟོན་ཁུལ་གྱི་ནས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་435ཟིན་པ་དེ་ཞིང་ཁ་ཆེ་གྲས་ལས་ཐོན་འཕར་8.5%འཕར་བ་དང་། ནས་ཀྱི་ཁྲོམ་རའི་རིན་གོང་ལྟར་རྫས་ལུད་ཀྱི་རིན་གོང་ཕུད་ནས་ཚོད་རྩིས་བྱས་ན་མུའུ་རེ་ནས་འབབ་འཕར་སྒོར་118བྱུང་ཡོད”ཅེས་རྣམ་གྲངས་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་ལི་ཧྲའོ་ཧྥུང་གིས་གསར་འགོད་པར་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རྣམ་གྲངས་ཚོགས་ཆུང་གིས་རང་ལྗོངས་སུ་མུའུ་5000ཡོད་པའི་ཚོད་ལྟའི་དཔེ་སྟོན་རྟེན་གཞི་ཞིག་འཛུགས་རྒྱུ་རེད། གཞན་ཡང་ས་རྒྱུའི་སྤུས་ཚད་དང་རྫས་ལུད་བེད་སྤྱོད་ཀྱི་གནས་ཚུལ་གཉིས་ཟུང་འབྲེལ་བྱས་ཏེ་རྫས་ལུད་ཀྱི་ནུས་ཕྱོད་ཆེར་གཏོང་སོགས་ལེ་ལག་ཚང་བའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་དང་སྦྲགས་ཆུ་དང་རྫས་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ཚོད་ལྟའི་ལས་དོན་ཡང་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།